འཕྲལ་མགྱོགས་ར་ འགོ་བཙུགས་ནི་ཨིན་མི་ ཕྱགས་སྙིགས་ཕྱི་སེལ་ཁང་།

བསམ་གྲུབ་ཆོས་གླིང་གི་ ཕྱགས་སྙིགས་བཀོག་སའི་ས་ཁོངས་ ལག་ལེན་འཐབ་མ་ཚུགས་པར་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ བསམ་གྲུབ་ཆོས་གླིང་དྲུང་ཁག་གིས་ དགྲ་འདུལ་ཐང་ནང་ ཕྱགས་སྙིགས་བཀོག་སའི་ ས་ཁོངས་བཟོ་སྟེ་ ལོ་༡ ལྷགཔ་ཅིག་ལང་རུང་ ས་ཁོངས་དེ་ ད་ལྟོའི་བར་ན་ཡང་ ལག་ལེན་འཐབ་མ་ཚུགས་པར་ལུས་ནུག།

དྲུང་ཁག་གིས་ ཕྱགས་སྙིགས་བཀོག་སའི་ ས་ཁོངས་དེ་ གཙང་ཆུའི་མཐའམ་ལ་སོགས་པའི་ དྲུང་ཁག་ས་ཁོངས་ཚུ་ གཙང་སྦྲ་དང་ལྡནམ་སྦེ་ བཞག་ཐབས་ལུ་དམིགས་ཏེ་བཟོ་ཡོད་རུང་ ད་རེས་ ལག་ལེན་མ་འཐབ་མི་ལུ་བརྟེན་ ས་དོང་༣ དེ་ཅིག་ བརྐོ་ཡོད་མི་དེ་ཡང་ ཧོན་སྡོང་ལ་སོགས་པ་ཚུ་གིས་ སྤུབས་ནུག།

གཙང་ཆུ་མཐའ་མའི་ཚོང་པ་ པདྨ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁྱིམ་ནང་ལུ་ ཉིན་བསྟར་བཞིན་དུ་ ཕྱགས་སྙིགས་ལེ་ཤ་ ཐོན་དོ་ཡོདཔ་ལས་ ཧེ་མ་ བཀོག་སའི་ས་ཁོངས་མེད་པའི་ དཀའ་ངལ་བྱུང་ཡོདཔ་བཞིན་དུ་ ད་རེས་ ས་ཁོངས་ཡོད་རུང་ ཕན་ཐོགས་མིན་འདུག་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ ད་རེས་ མི་ཚུ་གིས་ ཕྱགས་སྙིགས་བཀོག་སའི་ ས་ཁོངས་ལག་ལེན་འཐབ་མ་ཚུགས་མི་དེ་ ཕྱགས་སྙིགས་བསྡུ་ལེན་འབད་མི་ སྣུམ་འཁོར་མེད་མི་ལུ་བརྟེན་ཨིནམ་ད་ ཁོང་གིས་ ཕྱགས་སྙིགས་ཚུ་ བསྡུ་བསྒྱོམ་འབད་བཞག་པའི་ཤུལ་ལས་ གཞན་ཁར་བཀོག་བར་ འབག་དོ་ཟེར་ཨིན་པས།

ཕུན་ཚོགས་ཐང་ལས་ སངས་རྒྱས་ཀྱིས་ སླབ་མིའི་ནང་ ཤོག་གུ་དང་ ཆུ་ཤོག་ གྱིབ་ཀྱི་དམ་སྦྱིས་ལ་སོགས་པའི་ ཕྱགས་སྙིགས་ལེ་ཤ་ཐོན་དོ་ཡོད་རུང་ དེ་ཚུ་ བསྡུ་བསྒྱོམ་འབད་བའི་ཤུལ་ལས་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་མི་ཚུ་ལུ་ བྱིན་དོ་ཡོདཔ་བཞིན་དུ་ ཤོག་གུའི་རིགས་ཚུ་ མེ་བཏང་དོ་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ བསམ་གྲུབ་ཆོས་གླིང་ལུ་ གནམ་བྱཱར་ལུ་ ཚདཔ་ཚ་དོ་ཡོདཔ་བཞིན་དུ་ རུལ་བཏུབ་པའི་ ཕྱགས་སྙིགས་ཚུ་ བསྡུ་བསྒྱོམ་འབད་བཞག་མི་དེ་གིས་ དྲིམ་བསྣམས་མི་ལུ་བརྟེན་ ཁྱིམ་ནང་ སྡོད་མི་ཚུགས་དོ་ཡོདཔ་ལས་ གཙང་སྦྲ་བཏོན་མི་ཚུགས་པས་ཟེར་ཨིན་པས།

མི་གཞན་ཚུ་གིས་ སླབ་མིའི་ནང་ རུལ་བཏུབ་པའི་ ཕྱགས་སྙིགས་ཚུ་ ཁྱིམ་ནང་དུས་ཡུན་རིངམོ་སྦེ་ བཞག་པའི་བསྒང་ལས་ མགུ་ཏོ་ན་ནི་ལ་སོགས་པའི་ ནད་གཞི་ཐོབ་དོ་ཡོདཔ་ལས་ གཟུགས་ཁམས་འཕྲོད་བསྟེན་ལུ་ཡང་ གནོདཔ་མས་ཟེར་ཨིནམ་ད་ མང་ཤོས་ཅིག་གིས་ བསམ་གྲུབ་ལྗོངས་མཁར་ལ་སོགས་པ་ཚུ་ནང་ འགྱོ་བའི་སྐབས་ ཕྱགས་སྙིགས་ཚུ་ བཀོག་བར་འབག་འགྱོ་དོ་ཟེར་ཨིན་པས།

ཁོང་གིས་འབད་བ་ཅིན་ ཁྲོམ་ཁར་ ཕྱགས་སྙིགས་འཛིན་སྐྱོང་འབད་ནི་ལུ་ གདོང་ལེན་སྦོམ་ འདུག་ཟེར་ཨིནམ་ད་ ཨིན་རུང་ ད་ལྟོའི་གནས་སྟངས་ནང་ ཁོང་གིས་ མཉམ་རུབ་ཐོག་ལས་ འཛིན་སྐྱོང་འབད་དེ་ རེས་གཟའ་ལྷག་པ་ཨ་རྟག་ར་ ཕྱགས་བརྡར་རྐྱབ་སྟེ་ ཁྲོམ་གཙང་སྦྲ་དང་ལྡནམ་སྦེ་ བཞག་ནི་ལུ་ རྩ་འགེངས་དོ་ཟེར་ཨིན་པས།

དྲུང་ཁག་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དྲུང་ཁག་གིས་ དགྲ་འདུལ་ཐང་ལུ་ ཕྱགས་སྙིགས་བཀོག་ས་བཟོ་མི་དེ་ ཕྱགས་སྙིགས་འཛིན་སྐྱོང་ལུ་ ལྷན་ཐབས་འབྱུང་ནི་དང་ དྲུང་ཁག་གི་ ས་ཁོངས་ཚུ་ གཙང་སྦྲ་དང་ལྡནམ་སྦེ་ བཞག་ཐབས་ལུ་ཨིནམ་བཞིན་དུ་ རྒེད་འོག་གིས་ བཅའ་མར་གཏོགས་མ་བཏུབ་པའི་ཁར་ མི་ཚུ་གིས་ཡང་ ལག་ལེན་འཐབ་མི་བཏུབ་པས་ཟེར་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མིའི་ནང་ བསམ་གྲུབ་ལྗོངས་མཁར་ཚ་གྱང་ཚོགས་པ་དང་ འབྲུག་བློ་གཏད་མ་དངུལ་གྱི་ རྒྱབ་སྐྱོར་ཐོག་ལས་ ཕྱགས་སྙིགས་ཕྱི་སེལ་གྱི་ ལས་འགུལ་ཅིག་ཡང་ འགོ་བཙུགས་དོ་ཡོད་མི་ལུ་བརྟེན་ ས་ཁོངས་དེ་ ལག་ལེན་འཐབ་མ་ཚུགས་པར་ ལུས་སོ་ཡི་ཟེར་ཨིན་པས།

ཁོང་གིས་འབད་བ་ཅིན་ དྲུང་ཁག་ནང་ སྣུམ་འཁོར་ཊེག་ཊོར་༡ ཡོད་རུང་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་ནིའི་དོན་ལུ་མེནམ་ལས་ ཕྱགས་སྙིགས་ཀྱི་དོན་ལུ་ སྣུམ་འཁོར་༡ དགོཔ་ཡོདཔ་ད་ ད་ལས་ཕར་ ཕྱགས་སྙིགས་ཕྱི་སེལ་ལས་འགུལ་དེ་གིས་ ཕན་ཐོགས་འབྱུང་ནི་ཨིན་རུང་ ལམ་ལུགས་དང་ འཛིན་སྐྱོང་ཚུ་ ལེགས་ཤོམ་བཟོ་དགོཔ་དེ་ ཁག་ཆེ་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ཆོས་གླིང་།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *