བསས་གཏན་སྒང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་དང་ སློབ་དཔོན་ཚུ་ལུ་ རྒྱལ་ཡོངས་བདེ་སྲུང་ཆུའི་ཞབས་ཏོག་ལས་འགུལ་ལས་ ཆུ་བཀྲམ་སྤེལ་འབདཝ་ཨིན་པས།

བསམ་གཏན་སྒང་ལུ་ བདེ་སྲུང་འཐུང་ཆུ་ལས་འགུལ་ མཇུག་བསྡུ་ཡོདཔ།

༉ ཧེ་མ་ བསམ་གཏན་སྒང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་ཚུ་ དྲོ་པ་ཧ་སག་ ཆུ་ཚོད་༥ ལས་ལོང་སྟེ་ གྱིབ་རྡོབ་སྟོངམ་འབག་སྟེ་ ཉེ་འདབས་ཀྱི་ གཡུས་ཚན་ནང་ ཆུ་དབོག་པར་ འགྱོ་ནི་དེ་ དུས་རྒྱུན་གྱི་ ལཱ་ཅིག་ཨིན་པས།

འཐུང་ཆུ་བཀྲམ་སྤེལ་ རྒྱུན་གཏན་མེདཔ་ལས་ ནང་སྡོད་སློབ་ཕྲུག་ཚུ་ གོ་ལ་འཁྱུ་ནི་དང་ གཟུགས་ཁམས་འཕྲོད་བསྟེན་གཙང་སྦྲ་དང་ལྡནམ་སྦེ་ བཞག་ནི་ལུ་ གདོང་ལེན་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་པས།

སྤྱི་ཟླ་༦ པའི་ཚེས་༡༠ ལུ་ རྒྱལ་ཡོངས་བདེ་སྲུང་འཐུང་ཆུ་ཞབས་ཏོག་ ལས་འགུལ་མཇུག་བསྡུ་མི་དེ་གིས་ སློབ་ཕྲུག་ཚུ་ལུ་ ཆུའི་དཀའ་ངལ་བསལ་ཚུགས་ནི་ཨིནམ་ད་ འདས་པའི་ཟླཝ་༣ གྱི་རིང་ བདེ་སྲུངཔ་༣༠ གིས་ ལས་འགུལ་གྱི་དོན་ལུ་ ཆུ་དུང་བཙུགས་ཡོདཔ་མ་ཚད་ ཆུ་མཛོད་རྐྱབ་ཡོདཔ་ཨིན་པས།

ལས་འགུལ་རྩིས་སྤྲོད་འབད་བའི་སྐབས་ དབང་འདུས་ཕོ་བྲང་རྫོང་བདག་ བསོད་ནམ་རྒྱ་མཚོ་གིས་ སླབ་མིའི་ནང་ ལས་འགུལ་དེ་ སྒེར་གྱི་ཁག་འབགཔ་ལུ་ སྤྲོད་དེ་ཡོད་པ་ཅིན་ ཟླཝ་༦ དེ་ཅིག་ འགོར་འགོརཝ་འོང་ཟེར་ཨིན་རུང་ ཁས་བླངས་པ་ བདེ་སྲུངཔ་ཚུ་གིས་ ཟླཝ་༣ ནང་ མཇུག་བསྡུ་ཡི་ཟེར་ཨིན་པས།

རྫོང་བདག་གིས་འབད་བ་ཅིན་ འཐུང་ཆུའི་རྐ་གསརཔ་དེ་གིས་ སློབ་གྲྭ་ལྟེ་བ་དང་ སློབ་ཕྲུག་༢༥༠ ཡོད་མི་ བསམ་གཏན་སྒང་སློབ་གྲྭ་ཆུང་བ་ལུ་ཡང་ ཁེ་ཕན་སྦོམ་སྦེ་ར་ འབྱུང་ཚུགས་ཟེར་ཨིནམ་ད་ བསམ་གཏན་སྒང་སློབ་གྲྭ་ལྟེ་བའི་ནང་ སློབ་ཕྲུག་༦༥༠ ཡོད་མི་ མང་ཤོས་ར་ ནང་སྡོད་སློབ་ཕྲུག་ཨིན་པས།

བསམ་གཏན་སྒང་སློབ་གྲྭ་ལྟེ་བའི་སློབ་ཕྲུག་ པ་སངས་ལྷམོ་གིས་ ཧེ་མ་ འཐུང་ཆུ་རྒྱུན་བརྟན་མེདཔ་ལས་ སློབ་ཕྲུག་ཚུ་ སློབ་ཁང་ནང་ འགྱོ་ནི་ལུ་ ཕྱིས་ནི་ཡོད་ཟེར་ བཤད་པའི་ཁར་ འཕྲལ་འཕྲལ་ར་ གནམ་ནུབ་མོ་ཡང་ གོ་ལ་འཁྱུ་དགོཔ་འཐོན་ནི་ཡོད་ཟེར་ བཤད་ཡོདཔ་ད་ སློབ་གྲྭ་ནང་ བུམོ་༣༧༠ དེ་ཅིག་ཡོདཔ་ཨིན་པས།

སློབ་ཕྲུག་གཞན་ བསོད་ནམས་དབང་ཕྱུག་གིས་ སློབ་ཁང་ཚུ་ དྲོ་པ་ཆུ་ཚོད་༦ ལས་ འགོ་བཙུགས་དོ་ཡོདཔ་ལས་ ཉེ་འདབས་ཀྱི་ གཡུས་ཚན་ལས་ ཆུ་དབོག་པར་འགྱོ་དགོཔ་ལས་ ཆུ་ཚོད་༥ ལས་ ལོང་ནི་ཡོད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ བདུན་མཐའི་ངལ་གསོ་སྐབས་ ཉེ་འདབས་ཀྱི་ གཡུས་སྒོ་ཚུ་ནང་ གོ་ལ་འཁྱུ་བར་ འགྱོ་དོ་ཡོདཔ་ད་ ལ་ལོ་གིས་ ཆུ་བྱིན་ནི་ཡོད་རུང་ ལ་ལོ་གིས་ བྱིན་མ་བཏུབ་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།

ཆུ་དེ་ཡང་ ཕངས་ཁ་ཆུ་རྐ་ལས་ སློབ་གྲྭ་ལྟེ་བ་ལུ་ བཀྲམ་སྤེལ་འབད་དེ་ཡོདཔ་ད་ ཆུ་རྐ་རྙིངམ་དེ་གིས་ སློབ་གྲྭ་ཆུང་བ་ལུ་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།

ལས་འགུལ་དེ་ཡང་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢ བཏང་ཐོག་ལས་ བཟོ་སྐྲུན་འབད་ཡོདཔ་ད་ བསམ་གཏན་སྒང་ལས་འགུལ་མཇུག་བསྡུ་མི་དེ་ རྒྱལ་ཡོངས་བདེ་སྲུང་ཆུའི་ཞབས་ཏོག་འོག་ལུ་ ལཱ་མཇུག་བསྡུ་མི་༤ པ་ཨིན་པས།

ལས་འགུལ་རྩིས་སྤྲོད་ལེན་ནང་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ བཀྲིས་རྡོ་རྗེ་གིས་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *