བསག་བཞག་ནིའི་ལམ་ལུགས་ མེདཔ་བཟོ་དགོཔ།

༉ ང་བཅས་རའི་མི་ཚུ་ ཁྲོམ་ཁར་བཟའ་ཆས་ཀྱི་རིགས་ དཀོན་སུ་འགྱོ་བའི་སྐབས་དང་ སྐྱ་རྣམ་གྱི་ གོང་ཚད་ཡར་འཛེགས་ནི་འབདཝ་ད་ སྤྱགས་སྡུག་འཐབ་སྟེ་ བསགས་མཛོད་ནང་ བཞག་ནི་གི་དོན་ལུ་ གསོག་འཇོག་འབད་སྲོལ་ཡོད་མི་དེ་གིས་ དཀའ་ངལ་གྱི་གནས་སྟངས་ ལྷག་པར་དུ་ སྐྱོ་དྲགས་བཟོཝ་ཨིན་མས།
འཕྲལ་གྱི་བྱུང་རྐྱེན་ དཔེར་ན་ རྒྱལ་ས་ལྟེ་བ་ལུ་ བཞེས་སྒོ་འབད་ནིའི་དོན་ལུ་ ལག་ལེན་འཐབ་མི་ མེ་རླུང་རྒྱ་རྫི་གེསི་བཀང་བཀངཔ་ བཀྲམ་སྤེལ་གྱིས་ བདའ་ཟུན་མ་ཚུགས་མི་དེ་ བཟའ་ཚང་༡ ལུ་ རྒྱ་རྫི་ལས་ལྷག་སྟེ་ཡོད་མི་ཚུ་གིས་ ག་དེམ་ཅིག་སྦེ་ མེ་རླུང་གེསི་ མ་ལང་པའི་ དཀའ་ངལ་འབྱུང་པ་ཅིན་ཟེར་ ཚ་གྱང་ལང་སྟེ་ བསགས་བཞག་མི་ལུ་བརྟེན་ འོང་ནི་ཨིན་མས།
དེ་མ་ཚད་ སྤྱི་ལོ་༢༠༡༣ ལུ་ མེ་རླུང་རྒྱ་རྫིའི་གོང་ཚད་ ཧང་སྟོང་མར་སེྦེ་ ཡར་སེང་འབད་དོ་བཟུམ་ གོང་ཚད་ཡར་སེང་འབད་ནི་ཨིན་པའི་ འཐོར་གཏམ་དར་ཁྱབ་འགྱོ་མི་དེ་གིས་ཡང་ ང་བཅས་ཀྱི་མི་ཚུ་ སྤྱགས་སྡུག་འཐབ་སྟེ་ མེ་རླུང་རྒྱ་རྫི་གསོག་འཇོག་འབད་ནིའི་དོན་ལུ་ རྒྱ་རྫི་བཀྲམ་སྤེལ་ཁང་ཚུ་ནང་ ག་ཐོབ་རྐྱབ་སྟེ་འགྱོ་བའི་ མངོན་གསལ་བྱུངམ་མས།
མི་ཚུ་གིས་ རྒྱ་རྫི་རྐྱངམ་གཅིག་མེན་པར་ སྣུམ་འཁོར་གྱི་ མར་ཁུའི་གོང་ཚད་ཡར་སེང་འགྱོ་ནི་གི་ ལོ་རྒྱུས་གོཝ་ཅིག་ སྣུམ་འཁོར་ཚུ་གི་མཛོད་ནང་ མར་ཁུ་ལངམ་སྦེ་ཡོད་རུང་ མར་ཁུ་བཀྲམ་སྤེལ་ཁང་ཚུ་ནང་ མར་ཁུ་བླུག་པར་ འགྱོ་མི་ལུ་བརྟེན་ འགྲུལ་འཁོར་བཀག་ཐོགས་ཀྱི་ དཀའ་ངལ་བྱུངམ་ཨིན་མས།
དེ་ལས་ རྒྱ་གར་གྱི་ཏི་རུ་ རི་པིའི་ཐད་ལུ་འབད་རུང་ དགོས་མཁོ་མེད་པའི་ མི་ཚུ་གིས་ གསོག་འཇོག་འབད་མི་ལུ་བརྟེན་ རུ་པི་དགོཔ་ ངེས་བདེན་ཡོད་མི་ཚུ་གིས་ ཐོབ་མ་ཚུགསཔ་ད་ ང་བཅས་ཀྱི་ ལམ་ལུགས་ཚུལ་ལྡན་དང་ རྣམ་དག་མེདཔ་བཟུམ་སྦེ་ མཐོང་སྣང་བྱུངམ་མས།
དེ་གི་ནང་དོན་ཉིད་ལས་ འབྲུག་འདི་ ཆོས་ལྡན་གྱི་ རྒྱལ་ཁབ་ཅིག་ཨིནམ་ལས་ ཟླཝ་ཁྱད་པར་ཅན་དང་ དུས་བཟང་ཚུ་ནང་ ཤ་ཉོ་བཙོང་བཀག་དམ་འབད་ཡོད་རུང་ བཀག་དམ་གྱི་ དུས་ཚོད་མ་རནམ་ལས་ བཟའ་ཚང་ཚུ་གིས་ ཤ་ཟ་རུང་མ་ཟ་རུང་ ནོར་ཤ་དང་ ཕག་ཤ་ བྱ་ཤ་ ཉ་ཤ་ཚུ་ཉོ་སྟེ་ བསགས་མཛོད་ནང་ བཙུགས་བཞག་མི་ལུ་ བལྟ་བ་ཅིན་ དུས་བཟང་ཚུ་དང་ ཤ་རིགས་ཉོ་བཙོང་བཀག་དམ་འབད་མི་དེ་གིས་ ཕན་པ་ལས་ གནོད་པ་ཆེ་དོ་བཟུམ་མཐོངམ་མས།
ག་འཆརཔ་ཟེར་བ་ཅིན་ ཤ་ལུ་ མཁོ་འདོད་བཀོད་མི་མངམ་ཐོནམ་ད་ རང་གི་ཕམ་ཨིན་མི་ སེམས་ཅན་ཚུ་ ཤི་མ་རནམ་ལས་ ཧ་སུ་སྦེ་ སྲོག་གཅོད་འབད་དེ་ ཚེ་ཐུང་ཀུ་བཟོཝ་ཨིན་མས།
ལོ་ངོ་དག་པ་ཅིག་གི་ཧེ་མར་ རྒྱ་གར་ལུ་ ཚྭ་བཟོ་གྲྭ་ཁང་ཚུ་ནང་ དཀའ་ངལ་ཐོན་མི་ལུ་བརྟེན་ ཚྭ་གི་གོང་ཚད་ ཡར་འཕར་སོང་ཡོདཔ་མ་ཚད་ མི་སྡེའི་བརྡ་བརྒྱུད་དང་ རྒྱ་གར་གྱི་ གསར་ཤོག་ཚུ་ནང་ ཚྭ་བཀྲམ་སྤེལ་མེད་པའི་སྐོར་ བཀོད་མི་དང་འཁྲིལ་ རྒྱལ་ཁབ་ནང་འཁོད་ལུ་ ཚྭ་གསོག་འཇོག་འབད་ནི་ འགོ་བཙུགས་ཡོདཔ་མ་ཚད་ བཟའ་ཚང་ལ་ལོ་གིས་ ཚྭ་ཕད་ཙི་སྦེ་ ཉོ་བཞག་མི་ཡང་ ཐོན་ཡོདཔ་ད་ འདི་བཟུམ་དོན་མེད་ཀྱི་ འཐོར་གཏམ་དར་ཁྱབ་བཏང་མི་དེ་གིས་ ང་བཅས་ཀྱི་མི་ཚུ་ དོན་དག་མེད་པར་ སྤྱགས་སྡུག་འཐབ་ བཅུགཔ་ཨིན་མས།
འདི་བཟུམ་མའི་ གསོག་འཇོག་འབདཝ་ད་ ཚོང་པ་ལ་ལོ་གིས་ གོ་སྐབས་ལེན་ཐོག་ལས་ གོང་ཚད་ཡར་སེང་འབདཝ་ད་ མཐའན་མཇུག་ལུ་ ཕམ་ཤོས་ར་ ཚོང་མགྲོན་པ་དང་ ལས་མགྲོན་པ་ཚུ་ཨིནམ་ད་ མེ་རླུང་རྒྱ་རྫི་བཟུམ་འབད་བ་ཅིན་ གོང་ཚད་ཡར་སེང་འབད་ནི་ཨིན་པའི་སྐོར་ འཐོར་གཏམ་བཤདཔ་ད་ དེ་གི་དོགས་སེལ་འབད་ནིའི་ འགན་ཁུར་དེ་ བཀྲམ་སྤེལ་ལས་སྡེ་ཚུ་ལུ་ ཕོགཔ་བཞིན་དུ་ འབྲེལ་ཡོད་དབང་འཛིན་ དཔེར་ན་ ཚོང་འབྲེལ་ལས་ཁུངས་དང་ སོ་ནམ་ལས་ཁུངས་ཚུ་གིས་ཡང་ མི་མང་ལུ་ མེ་རླུང་རྒྱ་རྫི་དང་ ས་མར་ཁུ་ ཨེ་མ་ ཤ་ལ་སོགས་པ་ གསོག་འཇོག་འབད་ནི་ལས་ འཛེམ་ཐབས་འབད་དགོ་པའི་ དྲན་གསོ་དང་ བསླབ་བྱ་ཚུ་ དུས་དང་དུས་སུ་ བྱིན་ཐོག་ལས་ མི་ཚུ་གི་ མནོ་ལུགས་དང་ བསག་བཞག་ནིའི་ལམ་ལུགས་ མེདཔ་བཟོ་དགོཔ་འདུག།
དེ་གི་ནང་ལས་ཡང་ ཁག་ཆེ་ཤོས་ར་ གསོག་འཇོག་འབད་ནི་ལས་ བཀག་ཐབས་ལུ་ འབྲེལ་ཡོད་དབང་འཛིན་དང་ བཀྲམ་སྤེལ་ངོ་ཚབ་ཚུ་གིས་ ལྟ་རྟོག་དམ་དམ་ འབད་དགོཔ་དེ་ གལ་ཆེ་ཟེར་ ཞུ་ནི་ཨིན།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *