བརྡ་བསྐུལ་ཐེངས་༣ འབད་རུང་ ངོས་ལེན་འབད་མ་བཏུབ།

༉ ཐིམ་ཕུག་ ལྕང་རྒེད་འོག་གི་ རྒཔོ་བགྲེསཔ་གནག་ཀུ་གིས་ ལྕགས་རི་དགོན་པའི་ ས་ཆའི་གུ་ ལྕགས་སྐུད་རཝ་བསྒོར་ཡོདཔ་ལས་ ཐིམ་ཕུག་ཁྲོམ་སྡེ་གིས་ ལྕགས་སྐུད་རཝ་ བཤིག་གཏང་དགོ་པའི་ བརྡ་བསྐུལ་ཐེངས་༣ འབད་རུང་ ཁོ་གིས་ ངོས་ལེན་འབད་མ་བཏུབ་ཨིན་པས།
དེ་ཡང་ ཐིམ་ཕུག་ཁྲོམ་སྡེ་གིས་ སྤྱི་ཟླ་༧ པའི་ཚེས་༢༣ ལུ་ ངག་ཐོག་བརྡ་བསྐུལ་འབད་མི་ལུ་ ཁོ་གིས་ ཉན་མ་བཏུབ་ལས་ ད་རུང་ སྤྱི་ཟླ་༦ པའི་ཚེས་༢༦ ལུ་ ཡིག་ཐོག་བརྡ་བསྐུལ་དང་པ་ འབད་ཡོདཔ་ད་ དེ་གི་ཤུལ་ལས་ སྤྱི་ཟླ་༧ པའི་ཚེས་༡༠ ལུ་ བརྡ་བསྐུལ་ཐེངས་༢ པ་ འབད་ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁྲོམ་སྡེ་གི་ གོང་འཕེལ་ཚད་འཛིན་ཁྲིམས་ལུགས་དང་འཁྲིལཝ་ད་ ཡིག་ཐོག་བརྡ་བསྐུལ་ཐེངས་༣ བྱིན་དགོཔ་ ངེས་ཏིག་ཨིན་ཟེར་ཨིནམ་ད་ གལ་སྲིད་ ཉན་མ་བཏུབ་པ་ཅིན་ ལམ་ལུགས་དང་འཁྲིལ་ཏེ་ ངོས་ལེན་འབད་ནི་ཨིན་ཟེར་ཨིན་པས།
ལྕགས་རི་དགོན་པའི་ མཚན་ཐོ་ཁར་ ཐིམ་ཕུག་ལུང་བསྟན་ཕུག་ལུ་ ས་ཆ་ཌིསི་༢༠ ཡོད་ས་ལས་ ས་གནས་ས་ཁོངས་འཆར་གཞི་བཟོ་བའི་ཤུལ་ལས་ ཌིས་༡༤ ལྷགཔ་ཅིག་ལས་ མེདཔ་ཨིན་པས།
ཨིན་རུང་ དུས་ཅི་ སྤྱི་ཟླ་༦ པའི་༢༠ ལུ་ རྒཔོ་བགྲེསཔ་གནག་ཀུ་གིས་ ལྕགས་རི་དགོན་པའི་ ས་ཆའི་མཐའམ་ཅིག་གུ་ ལྕགས་སྐུད་རཝ་རྐྱབ་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ གནག་ཀུ་དང་གཅིག་ཁར་ འབྲེལ་བ་འཐབ་པའི་སྐབས་ ཁོ་གིས་འབད་བ་ཅིན་ ལྕགས་སྐུད་རཝ་དེ་ ལྕགས་རི་དགོན་པའི་ ས་གུ་རྐྱབ་རྐྱབ་མེན་པར་ དང་ཕུ་གི་ ས་མཚམས་དང་འཁྲིལ་ཏེ་ ཁོ་རའི་ས་གུ་ ཡོདཔ་ཨིན་ཟེར་ཨིན་པས།
རཝ་རྐྱབ་དགོ་མི་དེ་ཡང་ ལྕགས་རི་དགོན་པའི་ས་དེ་ ཁོ་གི་ས་གུ་ ཨེབ་སུ་ཅིག་སྦེ་ འོང་དོ་ཡོདཔ་ལས་ རཝ་རྐྱབ་ཡོདཔ་སྦེ་ སླབ་ཨིན་པས།
གནག་ཀུ་གིས་འབད་བ་ཅིན་ ལུང་བསྟན་ཕུག་གི་ ས་ཆ་དེ་ ལྕགས་རི་དགོན་པའི་མཚན་ཐོག་ལུ་ཨིནམ་ལས་ ཁྲོམ་སྡེ་གིས་ བར་འཛུལ་འབད་དགོཔ་མེདཔ་ལས་ བློ་སླབ་ནི་ཡོད་རུང ཁོ་ར་དང་ དགོན་པའི་བར་ན་ སླབ་འོང་ཟེར་ཨིན་པས།
ཨིན་རུང་ ཁྲོམ་སྡེ་གིས་ བར་ན་འཛུལ་དགོ་མི་དེ་ཡང་ ས་ཆ་དེ་ ལུང་བསྟན་ཕུག་གི་ ས་གནས་ས་ཁོངས་འཆར་གཞི་ནང་ ཚུད་དེ་ཡོདཔ་ལས་ སྤྱི་ཟླ་༧ པའི་ཚེས་༥ ལུ་ ལྕགས་རི་དགོན་པའི་ ཉེ་འདབས་ལུ་ཡོད་མི་ སའི་ཇོ་བདག་ གནག་ཀུ་གིས་ ལྕགས་སྐུད་རཝ་བསྒོར་ཡོདཔ་ད་ ས་ཆ་དེ་ ལྕགས་རི་དགོན་པའི་ ས་ཆ་ངེས་བདེན་ཨིནམ་ལས་ ཁྲོམ་གྱི་ ལམ་ལུགས་དང་འཁྲིལ་ཏེ་ འཕྲལ་མགྱོགས་བཤུབ་གཏང་དགོཔ་སྦེ་ ཞུ་ཡིག་བཙུགས་ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་དེ་གིས་འབད་བ་ཅིན་ ཁྲོམ་སྡེ་གིས་ བརྡ་བསྐུལ་ཚར་༢ འབད་ཡོདཔ་ཨིན་རུང་ ལམ་ལུགས་དང་འཁྲིལ་ཏེ་ ཐེངས་༣ འབད་དགོ་མི་དེ་ཡང་ གལ་སྲིད་ ཁོ་གིས་ཉན་མ་བཏུབ་པ་ཅིན་ ཁྲིམས་ལུགས་དང་འཁྲིལ་ཏེ་ འབད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
སའི་བཅའ་ཁྲིམས་དང་འཁྲིལ་བ་ཅིན་ གཞན་གྱི་ས་ཆ་ནང་ ཧམ་འཛུལ་འབད་མི་དེ་ ཁྲིམས་འགལ་ངོ་མ་ཨིནམ་སྦེ་ འཁོད་དེ་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *