བརྡ་བརྒྱུདཔ་ཚུ་གིས་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་དང་ གསོལ་ཇ་དང་གསོལཝ་གི་སྐབས་ འབྲེལ་བ་འཐབ་མི་ཆོག་ནི།

༉ ཧེ་མ་བཟུམ་སྦེ་ སྤྱི་ཚོགས་ཀྱི་ གསོལ་ཇའི་བརམ་གྲོལ་བའི་སྐབས་ བརྡ་བརྒྱུདཔ་ཚུ་གིས་ བློན་པོའི་ལྷན་རྒྱས་དང་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་དང་གཅིག་ཁར་ ཚོགས་ཁང་ནང་ གསུང་གྲོས་གནང་མི་ཚུ་ དོགས་སེལ་འབད་སྲོལ་ཡོད་མི་དེ་ ད་ལས་ཕར་ འབད་མི་བཅུག་ནི་ཨིན་པས།

ཨ་རྟག་འབད་བ་ཅིན་ ཚོགས་ཁང་གི་ཕྱི་ཁར་ རྡོ་གཅལ་ནང་ གསོལ་ཇ་དང་གསོལཝ་གི་སྐབས་ གནས་ཚུལ་བསྡུ་ལེན་པ་ཚུ་གིས་ དྲི་བ་བཀོད་ནིའི་དོན་ལུ་ གོ་སྐབས་ལེགས་ཤོམ་ཅིག་སྦེ་ ལེན་ཡོདཔ་ཨིན་རུང་ རྒྱལ་ཡོངས་ཚོགས་འདུའི་མགྲིན་ཚབ་ བློ་གྲོས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ འདས་པའི་སྤྱི་ཚོགས་ནང་ལས་འགོ་བཙུགས་ བློན་པོ་དང་ འཐུས་མི་ཚུ་གིས་ གསོལ་ཇ་བཞེས་ནི་དང་ གསང་སྤྱོད་ནང་འགྱོ་ནིའི་ དུས་ཚོད་མི་ཐོབ་དོ་ཡོདཔ་ལས་ ལས་རིམ་དེ་ བཀག་ཆ་འབད་དགོ་པའི་ བཀའ་རྒྱ་ལྷོད་མི་དང་བསྟུན་ ཁྲིམས་སྲུང་འགག་པ་ཅིག་ བཙུགས་ཏེ་ཡོད་ཟེར་བཤད་ཅི།

བློ་གྲོས་ཀྱིས་འབད་བ་ཅིན་ གསར་ཤོག་ཚུ་གིས་ ཚོགས་ཁང་ནང་ གྲོས་བསྡུར་གནང་མིའི་གནས་ཚུལ་ཚུ་ གོ་བརྡ་མ་འཛོལཝ་སྦེ་ འབྲི་དགོ་པའི་དྲན་སྐུལ་འབད་ཡོདཔ་ད་ དོགས་པ་ཡོད་པ་ཅིན་ དྲུང་ཆེན་ཡིག་ཚང་དང་གཅིག་ཁར་ འབྲེལ་བ་འཐབ་རུང་ ཆ་རོགས་འབད་ནི་ཨིན་ཟེར་ 

ཨིན་རུང་ སྒེར་གྱི་གསར་ཤོག་ཅིག་ནང་ལཱ་འབད་མི་ གནས་ཚུལ་བསྡུ་ལེན་པ་ དམ་ཆོས་དཔལམོ་གིས་ གསར་ཤོག་ནང་ གོ་ བརྡ་འཛོལ་ཏེ་ཐོན་མིའི་ གནད་དོན་གཅིགཔོ་དེ་ བློན་པོ་དང་ འཐུས་མི་ཚུ་དང་གཅིག་ཁར་ དོགས་སེལ་འབད་ནིའི་ གོ་སྐབས་མེདཔ་ལས་བརྟེན་ བྱུངམ་མས་ཟེར་ སླབ་ཨིན་པས།

གསར་ཤོག་ཅིག་ནང་ལཱ་འབད་མི་ གནས་ཚུལ་བསྡུ་བཀོདཔ་གཞན་ཅིག་གིས་ཡང་ ཚོགས་འདུའི་དྲུང་ཆེན་ཡིག་ཚང་གིས་ ཚོགས་ཁང་ནང་ གྲོས་བསྡུར་གནང་ནིའི་རིགས་ ག་ཅི་ཨིན་རུང་ བརྡ་བརྒྱུདཔ་ཚུ་ལུ་ཡང་ འདྲ་རེ་བྱིན་པ་ཅིན་ ཁོང་གིས་ཡང་ ཚོགས་ཁང་ནང་ གྲོས་བསྡུར་ཚུ་གནངམ་ད་ གཅིག་ཁར་སྦེ་ འགྱོ་ཚུགསཔ་ལས་ གོ་བརྡ་འཛོལ་ཏེ་ འབྲི་ནི་ལས་ མར་ཕབ་ འབད་ཚུགས་ཟེར་བཤད་ཅི།

ཁོ་གིས་སླབ་མིའི་ནང་ གསོལ་ཇ་དང་གསོལཝ་གི་སྐབས་ལུ་ སྤྱིར་བཏང་ཕྱི་འབྲེལ་ལྷན་ཁག་གི་ ལས་བྱེདཔ་ཚུ་ཡང་ དེ་ཁར་ ལས་ འགྱོ་མ་ཆོགཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།

ཚོགས་དཔོན་དང་ བློན་ཆེན་གྱིས་ བཀའ་རྒྱ་གནང་སྟེ་ སྒྲིག་གཡོག་ནང་སྡོད་མི་ དམག་མི་བཙུགས་ཡོདཔ་ལས་ གསོལ་ཇ་བཞེས་ཚར་བའི་ཤུལ་ལས་དང་ ཡང་ཅིན་ གསང་སྤྱོད་ནང་འགྱོ་བའི་སྐབས་ལུ་ བརྡ་བརྒྱུདཔ་ཚུ་གིས་ འབྲེལ་བ་འཐབ་ནིའི་ གོ་སྐབས་ཚུ་ བལྟ་དགོཔ་འདུག་ཟེར་ སླབ་ཨིན་པས།

འཕྲལ་འཕྲལ་སྐབས་ ཚོགས་ཁང་ནང་ གསུང་གྲོས་གནང་མི་དང་ བརྡ་བརྒྱུདཔ་དང་གཅིག་ཁར་ ཕྱི་ཁར་ཕྱད་པའི་སྐབས་ སོ་ སོར་ཅིག་ སླབ་ནི་དེ་གིས་ གསར་ཤོག་ནང་ཡང་ ཚོགས་ཁང་ནང་ གསུང་གྲོས་གནང་མི་ལས་ སོ་སོར་སྦེ་ཐོནམ་ད་ རྟགས་ མ་མཐུན་མི་དེ་ དཀའ་ངལ་ཅིག་ཨིན་ཟེར་ བློ་གྲོས་ཀྱིས་ སླབ་ཨིན་པས།

ང་བཅས་ཀྱིས་ ཕྱི་རུ་ཨ་རྟག་ར་ ཚོགས་ཁང་ནང་ གྲོས་བསྟུན་འབད་མི་ཚུ་ བཅུད་བསྡུ་སྟེ་ གནས་ཚུལ་གསར་བཏོན་བཟུམ་སྦེ་ བཏོན་དོ་ཡོད་རུང་ སོ་སོར་སྦེ་ འཐོན་ནི་འདུག་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ ཡང་ཅིན་ བརྡ་བརྒྱུདཔ་ཚུ་གིས་ མི་ག་དང་གཅིག་ཁར་ འཕྱད་དགོཔ་ཡོད་རུང་ ཁོང་ལུ་སླབ་པ་ཅིན་ དུས་ཚོད་བདེ་སྒྲིག་འབད་དེ་ བྱིན་ནི་ཟེར་ཨིན་པས།

རྒྱལ་ཡོངས་ཚོགས་འདུའི་ དྲུང་ཆེན་ཡིག་ཚང་གིས་ བརྡ་བརྒྱུདཔ་ཚུ་ལུ་ གྲོས་བསྡུར་གནང་མིའི་ འདྲ་རེ་བྱིན་ནི་དང་ གློག་རིག་ ལེབ་ཊོབ་འབག་བཅུག་ནིའི་ཐད་ཁར་ གྲོས་བསྟུན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *