བརྡ་བརྒྱུད་ལས་ཁང་ཚུ་ལུ་ མ་དངུལ་གྲོགས་རམ་བ་ལྷག་པའི་ རྒྱབ་སྐྱོར་གྱི་ ཐབས་ཤེས་བཏོན་དགོཔ།

༉ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ བརྒྱུད་འབྲེལ་ལྷན་ཁག་དང་ བརྡ་བརྒྱུདཔ་ཚུ་ལས་ རྒྱལ་ཁབ་ནང་གི་ བརྡ་བརྒྱུད་ལས་ཁང་ཚུ་ ཡུན་བརྟན་གནས་ཚུགསཔ་ བཟོ་ནིའི་དོན་ལུ་ ཐབས་ལམ་གྱི་ བསམ་འཆར་ཚུ་ བཀོད་དགོ་པའི་ བཀའ་གནང་ཡི།
དེ་ཡང་ སྤྱི་ཟླ་༨ པའི་ཚེས་༧ ལུ་ ལྷན་ཁག་དང་གཅིག་ཁར་ གཞུང་སྐྱོང་མཆོག་འགྱུར་གྱི་ ལས་འབྲེལ་ཆིངས་ཡིག་བསྐྱར་ཞིབ་སྐབས་ བློན་ཆེན་གྱིས་ བརྒྱུད་འབྲེལ་ལྷན་ཁག་ལུ་ བརྡ་བརྒྱུད་ལས་ཁང་ཚུ་ སྲིད་འབྲེལ་དབང་ཆའི་འོག་ལས་ བཏོན་ནི་གི་ ཐབས་ལམ་ཚུ་ བཏོན་དགོ་ཟེར་གསུངས་ཡི།
ད་རིས་ཀྱི་ རྩིས་ལོ་ནང་ ལྷན་ཁག་གི་ ལས་འབྲེལ་ཆིངས་ཡིག་ནང་ གཙོ་རིམ་ཅིག་ བརྡ་བརྒྱུད་ལས་ཁང་ཚུ་ལུ་ གསར་ཤོག་པར་སྐྲུན་གྱི་ ཕབ་ཆག་གམ་ མ་དངུལ་རྒྱབ་སྐྱོར་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་༢.༦༠༩ བཞག་ཡོད་རུང་ བློན་ཆེན་གྱིས་ གསུངས་མིའི་ནང་ བརྡ་བརྒྱུད་ལས་ཁང་ཚུ་ལུ་ མ་དངུལ་གྱི་ གྲོགས་རམ་བྱིན་མི་དེ་ སྲིད་ཀྱི་ཐོག་ལས་ རྒྱབ་སྐྱོར་འབད་བའི་གྲངས་སུ་ ཚུད་ནི་ཨིན་མི་དེ་ཡང་ ཕབ་ཆག་བྱིན་དང་ མི་བྱིན་གྱི་སྐོར་ལས་ ཐག་བཅད་མི་དེ་ གཞུང་འབད་ནི་དེ་གིས་ཨིན་ཟེར་ཨིན་པས།
གཞུང་གིས་ རང་གིས་དགའ་མི་ བརྡ་བརྒྱུད་ལས་ཁང་ཚུ་ལུ་ གྲོགས་རམ་འབད་ནི་དང་ མ་དགའ་མི་ཚུ་གིས་ གྲོགས་རམ་མ་ཐོབ་ད་ སྲིད་ཀྱི་འོག་ལུ་ཚུད་ནི་ཨིནམ་ལས་ གསར་ཤོག་པར་སྐྲུན་གྱི་ མ་དངུལ་གྲོགས་རམ་ཐོག་ལས་ རྒྱབ་སྐྱོར་འབད་མི་དེ་ རྣམ་དག་ཅིག་ མི་མཐོང་པས་ཟེར་གསུངས་ཡི།
དེ་བཟུམ་སྦེ་ བརྡ་བརྒྱུད་ལས་ཁང་ཚུ་གི་ ཧོངས་ལས་འབད་རུང་ གཞུང་གིས་ གྲོགས་རམ་འབད་ཡི་ཟེར་ ག་སླབ་མི་དང་འཁྲིལ་ འབད་དགོཔ་མེདཔ་ལས་ བརྡ་བརྒྱུད་ལས་ཁང་ཚུ་ལུ་ གྲོགས་རམ་འབད་དགོ་པ་ཅིན་ ཐབས་བྱུས་སོ་སོའི་ཐོག་ལས་ རྒྱབ་སྐྱོར་འབད་དགོཔ་འདུག་ཟེར་ཨིན་པས།
བརྡ་བརྒྱུདཔ་ཚུ་དང་ བརྡ་དོན་དང་ བརྡ་བརྒྱུད་ལས་ཁུངས་ཀྱི་ ཁྱད་གཡོགཔ་ཚུ་གིས་ ང་བཅས་ཀྱི་ གདོང་ཁར་ཐོན་ཏེ་ གཞུང་ལུ་ བརྡ་བརྒྱུད་ཡུན་བརྟན་ཅན་བཟོ་ཐབས་ལུ་ ཐབས་ཤེས་དང་ གནས་སྐབས་ཚུ་ བཏོན་དགོ་ཟེར་ བློན་ཆེན་གྱིས་ གསུངས་པའི་ཁར་ ཐབས་བྱུས་ཚུ་ གཞུང་གིས་བཏོན་པ་ཅིན་ ད་རུང་ སྲིད་འབྲེལ་ཨིནམ་སྦེ་ ཁ་གཏང་འོང་ཟེར་ གསུངས་ཡི།
བློན་ཆེན་གྱིས་འབད་བ་ཅིན་ བསྐྱར་ཞིབ་ཞལ་འཛོམས་ནང་ བརྡ་བརྒྱུད་ལས་ཁང་ཚུ་ལས་ བཅའ་མར་གཏོགས་མི་ བརྡ་བརྒྱུདཔ་མངམ་མེད་མི་ལུ་བལྟ་བ་ཅིན་ ཁོང་གི་ཡུན་བརྟན་ལུ་ ཚ་གྱང་མེད་པའི་ རྟགས་མཚན་སྟོནམ་མས་ཟེར་ཨིན་པས།
བརྡ་བརྒྱུད་ལས་ཁང་ཚུ་ལུ་ ཡུན་བརྟན་གནས་མ་ཚུགས་པའི་ ཚ་གྱང་ཡོད་པ་ཅིན་ ཁོང་ལྟ་རྟོག་འབད་མི་ ལྷན་ཁག་གི་ ཞལ་འཛོམས་ནང་ འོང་དགོ་ཟེར་ བློན་ཆེན་གྱིས་ གསུངས་ཡི།
གཞུང་སྐྱོང་མཆོག་འགྱུར་གྱི་ ཆིངས་ཡིག་བསྐྱར་ཞིབ་ཞལ་འཛོམས་ གཞན་ཚུ་ནང་བཟུམ་སྦེ་ བློན་ཆེན་གྱིས་ བརྒྱུད་འབྲེལ་ལྷན་ཁག་ལུ་ཡང་ ལས་སྣ་དང་ དམིགས་གཏད་ཚུ་ བསྐྱར་བཟོ་འབད་དགོཔ་འདུག་ཟེར་ གསུངས་ཡི།
ཁོ་གིས་འབད་བ་ཅིན་ གཞུང་སྐྱོང་མཆོག་འགྱུར་ནང་ ལས་སྣ་དང་ གྲུབ་འབྲས་བརྡ་སྟོན་ཚུ་གི་བར་ན་ མཐུན་མ་ཚུགས་པར་འདུག་ཟེར་ཨིནམ་ད་ ང་གིས་ བློན་པོ་དང་གཅིག་ཁར་ མཚན་རྟགས་བཀོད་མི་ ཆིངས་ཡིག་ནང་ དམིགས་གཏད་དང་ ག་དེ་སྦེ་ འགྲུབ་ཐབས་འབད་ནི་ཨིན་ན་ཚུ་ ཚུད་དགོ་ཟེར་གསུངས་ཡི།
བློན་ཆེན་གྱིས་ གསུངས་མིའི་ནང་ མཁའ་འགྲུལ་གྱི་ ཞབས་ཏོག་དེ་ ལྷན་ཁག་གི་ གཙོ་རིམ་ཅན་ཅིག་ཨིནམ་ལས་ བརྒྱུད་འབྲེལ་ལྷན་ཁག་གིས་ རྒྱལ་སྤྱིའི་མཐུད་སྦྲེལ་ཡར་སེང་དང་ དམིགས་གཏད་བསྐྱེད་མི་ ལུང་ཕྱོགས་གསརཔ་ ངོས་འཛིན་ག་དེ་སྦེ་འབད་དགོཔ་ཨིན་ན་ཚུ་ལུ་ གཙོ་བོར་བཏོན་དགོ་ཟེར་ཨིན་པས།
དེ་ལས་ ནང་འཁོད་གནམ་ཐང་དང་འབྲེལ་བའི་ གནད་དོན་ཚུ་ཡང་ བཀོད་དགོཔ་ཨིནམ་ད་ ཡོན་ཕུ་ལ་ནང་འཁོད་གནམ་ཐང་དེ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་མ་ཚུགས་མི་དེ་ ང་བཅས་ག་ར་གིས་ ཤེས་ས་ཨིནམ་ལས་ བརྒྱུད་འབྲེལ་ལྷན་ཁག་གིས་ གནམ་ཐང་གི་ འོས་འབབ་དང་ འབད་ཚུགས་པ་ཅིན་ དཀའ་ངལ་དེ་ སེལ་ཐབས་ལུ་ གཞུང་ལུ་ ཐབས་ཤེས་གཞན་ཅིག་ བཏོན་བྱིན་དགོ་ཟེར་གསུངས་ཡི།
དེ་ལས་ སྤྱི་ཟླ་༨ པའི་ཚེས་༧ ལུ་ ཤེས་རིག་ལྷན་ཁག་དང་ མཚན་རྟགས་བཀོད་ནི་ཨིན་མི་ གན་ཡིག་དེ་ ཆ་མེད་བཏང་མི་དེ་ཡང་ བློན་ཆེན་གྱིས་ གསུངས་མིའི་ནང་ ལས་འབྲེལ་ཆིངས་ཡིག་ནང་ ལྷན་ཁག་གིས་ འདས་པའི་བདུན་ཕྲག་ནང་ བསྐྱར་ཞིབ་འབད་བའི་སྐབས་ གྲོས་འདེབས་བཀོད་མི་ཚུ་ མ་ཚུད་ནི་དེ་གིས་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *