བརྡ་བརྒྱུད་འདུམ་འགྲིག་པའི་འགན་དབང་།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་༢༠༡༨ ཀྱི་དོན་ལུ་ བསྐོ་བཞག་འབད་མི་ བརྡ་བརྒྱུད་འདུམ་འགྲིག་པའམ་ དབང་འཛིན་པའི་ཡིག་ཚང་གིས་ སྒེར་གྱི་གསར་ཤོག་ཅིག་ལུ་ བདག་སྐྱོང་དང་འབྲེལ་བའི་ དང་ལེན་འབད་བའི་ཤུལ་ལུ་ འདུམ་འགྲིག་པའི་ འགན་དབང་སྐོར་ དྲི་བཀོད་འབདཝ་ཨིན་མས།
དེ་ཡང་ སྒེར་གྱི་གསར་ཤོག་གིས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཅིག་གི་སྐོར་ གནས་ཚུལ་ཁྱབ་སྤེལ་འབད་མི་དེ་ བཙག་འཐུའི་བཅའ་ཁྲིམས་ལས་ འགལ་མི་ལུ་བརྟེན་ བརྡ་བརྒྱུད་འདུམ་འགྲིག་ཡིག་ཚང་གིས་ ཨུ་ཚུགས་བསྐྱེདཔ་བཞིན་དུ་ གསར་ཤོག་དེ་གི་ འཛིན་སྐྱོང་ཁ་ཐུག་ལས་ འཛིན་སྐྱོང་རྩོམ་སྒྲིགཔ་དེ་ དུས་ཡུན་ཟླ་ངོ་༡ གི་རིང་ དགོངས་ཕོག་བཏང་ནི་དེ་གིས་ཨིན་མས།
འདི་བཟུམ་མའི་ དང་ལེན་འབད་མི་ལུ་བརྟེན་ བརྡ་བརྒྱུད་ནང་ ལཱ་འབད་མི་ཚུ་ལུ་ འདྲོག་སྣང་དང་ ཚ་གྱང་ལང་དགོཔ་ བྱུང་པའི་ནམ་དུས་ལུ་ སྤྱི་ཟླ་༣ པའི་ཚེས་༡༤ ལུ་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ རྒྱང་མཐོང་ནང་ དྲི་བ་དྲིས་ལན་གྱི་ ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་སྐབས་ སྤྱིར་བཏང་མི་མང་ལུ་ མགུ་འཐོམ་བྱུང་དགོ་པའི་ གཞི་གནད་ཅིག་ལུ་གྱུར་ཡོད།
ག་འཆརཔ་ཟེར་བ་ཅིན་ བརྡ་བརྒྱུད་འདུམ་འགྲིགཔ་གིས་ བདག་སྐྱོང་དང་འབྲེལ་བའི་ དང་ལེན་འབད་ནི་མེདཔ་མ་ཚད་ སྒེར་གྱི་གསར་ཤོག་ལས་ཁང་ལུ་ ཁོང་གི་ རྩོམ་སྒྲིགཔ་ལུ་ དང་ལེན་འབད་ནི་གི་ ཨུ་ཚུགས་བསྐྱེད་བསྐྱེདཔ་ཡང་མིན་འདུག་ཟེར་ བཙག་འཐུ་ལྷན་ཚོགས་ཀྱི་ མགྲིན་ཚབ་ཀྱིས་ དོགས་སེལ་འབད་ནི་དེ་གིས་ཨིན་མས།
ཨིན་རུང་ བརྡ་བརྒྱུད་འདུམ་འགྲིགཔ་གིས་ གསར་ཤོག་ལས་ཁང་ལུ་བཏང་མི་ ཡི་གུ་དང་འཁྲིལཝ་ད་ བརྡ་བརྒྱུད་ལས་ཁང་ལས་ དང་ལེན་སྙན་ཞུ་ལུ་ བསྒུག་སྟེ་ཡོད་ཟེར་ བཀོད་མི་དེ་གིས་ ཨུ་ཚུགས་རྐྱབ་ཡོད་པའི་ བརྡ་མཚོན་སྟོནམ་མ་ཚད་ བརྡ་བརྒྱུད་ལས་ཁང་གཞན་ཅིག་གིས་ ཚོགས་རྒྱན་གྱི་གྱངས་ཁ་ འཛོལ་བ་བཟོ་མི་ལུ་ཡང་ དང་ལེན་སྙན་ཞུ་ བཙུགས་དགོཔ་སྦེ་ ངག་ཐོག་ལུ་ སླབ་ནུག།
བརྡ་བརྒྱུད་འདུམ་འགྲིག་ཡིག་ཚང་ གཞི་བཙུགས་འབད་དགོ་མི་དེ་ར་ བརྡ་བརྒྱུད་ལས་ཁང་ཚུ་གིས་ བཙག་འཐུ་དང་འབྲེལ་བའི་ གནས་ཚུལ་བརྡ་སྤེལ་འབད་མི་ལུ་ ལྟ་རྟོག་འབད་མི་ ལས་སྡེ་ཅིག་ཨིན་མས།
བརྡ་བརྒྱུད་ཁྱབ་སྤེལ་སྐོར་ འབྲུག་གི་བཙག་འཐུའི་བཅའ་ཡིག་དང་ སྒྲིག་གཞི་༢༠༡༨ ཅན་མ་དང་འཁྲིལཝ་ད་ བརྡ་བརྒྱུད་འདུམ་འགྲིགཔ་གིས་ བརྡ་བརྒྱུད་ནང་ སྐུལ་བསྒྲགས་ཀྱི་ དུས་ཡུན་དང་ ས་སྟོང་ཚུ་ འདྲན་འདྲ་བྱིན་ནི་དང་ ཉོགས་བཤད་བཀོད་མི་དང་འཁྲིལ་ རྩོད་རྙོགས་ཐོན་མི་ཚུ་ སེལ་ཐབས་འབད་དགོཔ་ཨིན་མས།
ད་རུང་ བརྡ་བརྒྱུདཔ་ཚུ་གིས་ ཀུན་སྤྱོད་རྣམ་གཞག་དང་འཁྲིལ་ རང་སོའི་འགན་ཁུར་ཚུལ་མཐུན་འབག་ཡོད་མེད་ དབྱེ་ཞིབ་འབད་དེ་ འོས་ལྡན་གྱི་ དང་ལེན་ལེན་ཐབས་ལུ་ བཙག་འཐུ་ལྷན་ཚོགས་ལུ་ སྙན་ཞུ་ཕུལ་དགོཔ་ད་ ལྷན་ཚོགས་ཀྱིས་ མཐའ་བཏོག་དགོཔ་ཨིན་མས།
འདི་འབདཝ་ད་ ད་རེས་ནངས་པར་ བརྡ་བརྒྱུད་འདུམ་འགྲིག་པའི་ ལཱ་དང་འགན་ཁུར་སྐོར་ མགུ་མཐོམ་བྱུང་མི་དེ་ཡང་ བརྡ་བརྒྱུད་ལས་ཁང་དང་ བརྡ་བརྒྱུདཔ་ཚུ་ འབྲུག་བརྡ་དོན་དང་ བརྡ་བརྒྱུད་ཁྲིམས་དོན་དབང་འཛིན་གྱི་ བཅའ་ཁྲིམས་དང་ བཅའ་ཡིག་ཚུ་གི་ དབང་ཁྱབ་ལུ་ཨིནམ་ལས་ བརྡ་བརྒྱུད་འདུམ་འགྲིག་ཡིག་ཚང་གིས་ བདག་སྐྱོང་དང་འབྲེལ་བའི་ དང་ལེན་འབད་མི་དེ་ ཁྲིམས་མཐུན་མེནམ་བཟུམ་སྦེ་ ཚོར་སྣང་བྱུང་ནུག།
བཙག་འཐུའི་བྱ་རིམ་འདི་ ད་ལྟོ་འགོ་བཙུགསཔ་ཅིག་ར་ཨིནམ་ལས་ བརྡ་བརྒྱུདཔ་ཚུ་ཡང་ མང་ཤོས་ར་ ཉམས་མྱོང་མེད་མི་དང་ གཞོནམ་འབད་ནི་དེ་གིས་ གནས་ཚུལ་བསྡུ་བཀོད་འབདཝ་ད་ འཛོལ་བ་བཟོ་ནིའི་ ཉེན་ཁ་ཡོདཔ་བཞིན་དུ་ བརྡ་བརྒྱུད་འདུམ་འགྲིག་ཡིག་ཚང་གི་ ཁ་ཐུག་ལས་འབད་རུང་ ནོར་བ་བཟོ་མི་ཚུ་ལུ་ འཕྲོ་མཐུད་དེ་ར་ དང་ལེན་འབད་བ་ཅིན་ རང་མོས་དང་ རྣམ་དག་ཐོག་ བཙག་འཐུ་འགོ་འདྲེན་འཐབ་ནི་ལུ་ ཐོ་ཕོག་ནིའི་ གནོད་ཉེན་འདུག།
འདི་འབདཝ་ལས་ ད་རེས་བཟུམ་མའི་ རྩོད་རྙོགས་དང་ དཀའ་ངལ་ཚུ་ འཐོན་ནི་ལས་ བཀག་ཐབས་ལུ་ བརྡ་བརྒྱུད་འདུམ་འགྲིག་པའི་ ལཱ་དང་འགན་ཁུར་ཁ་གསལ་བཟོ་དགོཔ་འདུག།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *