བརྡ་བརྒྱུད་དལ་དབང་གི་ གནས་རིམ་སྙན་ཞུ་འབད་མི་ལུ་ ཡིད་ཆེས་མེདཔ།

༉ འཕྲལ་ཁམས་ཅིག་ཁར་ ཨར་ཨེས་ཨེཕ་ཟེར་མི་ རྒྱལ་སྤྱི་ཁེ་མིན་དང་གཞུང་མིན་ལས་ཚོགས་ཀྱིས་ འབྲུག་གི་ བརྡ་བརྒྱུད་དལ་དབང་གི་ གནས་རིམ་མར་ཉམས་སོང་ཡོད་པའི་ སྙན་ཞུ་གསལ་སྟོན་འབད་མི་དེ་ལུ་ ང་བཅས་ཀྱིས་ ན་འཐདན་སྦེ་ར་ དཔྱད་ལྟཝ་ད་ རྩ་ལས་ར་ ངོས་ལེན་འབད་མ་ཚུགས་པའི་ སྙན་ཞུ་རྫུན་མ་ཅིག་སྦེ་ ཚོར་སྣང་བྱུངམ་ཨིན་མས།
ང་བཅས་ཀྱིས་ ཤེས་རྟོགས་བྱུང་མི་དང་ ཉམས་མྱོང་དང་འཁྲིལ་བ་ཅིན་ ཨར་ཨེས་ཨེཕ་ལས་ཚོགས་ཀྱིས་ འབྲུག་གི་ བརྡ་བརྒྱུད་དལ་དབང་གི་ གནས་སྟངས་སྐོར་ལས་ བདེན་འཛིན་རེ་མ་ཚུགས་པའི་ཁར་ ཆ་བཞག་མ་ཚུགས་པའི་ སྙན་ཞུ་གསལ་སྟོན་འབད་མི་དེ་ ད་རེས་རྐྱངམ་གཅིག་མེན་པར་ འདས་པའི་ལོ་ཚུ་ནང་ཡང་ ནན་བསྐྱར་འབད་ཡི།
མ་གཞི་ ཨར་ཨེས་ཨེཕ་ལས་ཚོགས་ཀྱིས་ འདི་བཟུམ་མའི་ མ་བདེན་པའི་སྙན་ཞུ་ གསལ་སྟོན་ཐོག་ལས་ རྒྱལ་སྤྱིའི་གནས་ཚད་ནང་ བདེན་འཛིན་རེ་བཅུག་ནི་དང་ ཡིད་ཆེས་བསྐྱེད་བཅུགཔ་ཨིནམ་ ང་བཅས་ཀྱིས་ ཤེས་རྟོགས་ཡོད་རུང་ ལས་ཚོགས་དེ་གིས་ ད་ལྟོ་ ཁོང་རའི་ འགན་འཁྲི་དེ་ར་ ཚུལ་མཐུན་སྦེ་ འབག་མ་ཚུགས་མི་དེ་ལུ་ སེམས་ཕམ་བྱུངམ་ཨིན་མས།
མ་གཞི་ ལས་ཚོགས་དེ་གིས་ རྒྱལ་ཁབ་ལ་ལོ་ཅིག་གི་ བརྡ་བརྒྱུད་དལ་དབང་གི་ གནས་རིམ་སྙན་ཞུ་གསལ་སྟོན་འབད་མི་དེ་ ངེས་བདེན་འོང་ནི་ཨིན་རུང་ ང་བཅས་ཀྱི་ཐད་ཁར་ ནང་འཁོད་ཀྱི་ བརྡ་བརྒྱུདཔ་ཚུ་དང་གཅིག་ཁར་ ཐད་ཀར་དུ་ དྲི་བ་དྲིས་ལན་འབད་ཞིནམ་ལས་ དབྱེ་དཔྱད་ཐོག་ གསལ་སྟོན་མ་འབད་ནི་དེ་གིས་ ངོས་ལེན་འབད་ནིའི་ འོས་འབབ་མིན་འདུག།
ད་ལྟོ་ རྒྱལ་ཁབ་ནང་ བརྡ་བརྒྱུད་དང་འབྲེལ་བའི་ གནད་དོན་ཚུ་གི་ འགན་ཁུར་ངོ་མ་འབག་མི་ཅིག་ འབྲུག་བརྡ་བརྒྱུདཔ་མཐུན་ཚོགས་ཨིན་རུང་ མཐུན་ཚོགས་ཀྱི་ཁ་ཐུག་ལས་ འདི་བཟུམ་མའི་ ཨར་ཨེས་ཨེཕ་ལས་ཚོགས་ཀྱིས་ རྒྱལ་ཁབ་ནང་ བརྡ་བརྒྱུད་ཀྱི་གནས་སྡུད་ བསྡུ་ལེན་འབད་བར་འོང་བའི་ ཤེས་རྟོགས་མིན་འདུག།
གནད་དོན་འདི་ལུ་བརྟེན་ ཨར་ཨེས་ཨེཕ་ལས་ཚོགས་ཀྱིས་ འཕྲལ་ཁམས་ བརྡ་བརྒྱུད་དལ་དབང་གི་ སྙན་ཞུ་འབད་མི་དང་བསྟུནམ་ད་ དུས་ཚོད་ནམ་ལུ་ འབྲུག་གི་བརྡ་བརྒྱུདཔ་ ག་དེམ་ཅིག་ རྒྱལ་ཁབ་ནང་ལས་ མཐར་བཤུད་བཏང་ཡོདཔ་ཨིན་ནའི་སྐོར་ལས་ ཁུངས་སྐྱེལ་དགོཔ་འདུག།
སྙན་ཞུ་ནང་ འབྲུག་གི་བརྡ་བརྒྱུད་ཚུ་གིས་ བརྡ་དོན་ཕྱི་སེལ་རྐྱབ་པའི་སྐོར་ལས་ བཀོད་མིའི་ཐད་ཁར་ཡང་ འབྲུག་ལུ་ ལམ་སྲོལ་དང་ མི་སྡེའི་གནས་སྟངས་ བརྩི་འཇོག་འབད་དགོཔ་ གལ་ཆེཝ་ལས་ བརྡ་དོན་ཕྱི་སེལ་རྐྱབ་དགོཔ་དེ་ཡང་ ངེས་པར་དུ་ དགོཔ་ཅིག་ཨིན།
མ་གཞི་ འབྲུག་གི་བརྡ་བརྒྱུད་ ལོ་གངམ་མ་ལང་རུང་ རྒྱལ་ཁབ་ཀྱི་ གོང་འཕེལ་གནད་དོན་ནང་ འགན་ཁུར་སྦོམ་འབག་སྟེ་ཡོདཔ་ལས་ གཞུང་སྐྱོང་ལམ་ལུགས་ནང་ ངན་ལྷད་དང་ གཡོ་སྒྱུའི་གནད་དོན་ཚུ་ཡང་ མི་མང་གི་མཐའ་དོན་ལུ་ གདོང་ལེན་འབད་དེ་ཡོད།
བརྡ་བརྒྱུད་གོང་འཕེལ་གྱི་གནད་དོན་ནང་ ད་ལྟོ་ འབྲུག་ལུ་ བརྡ་བརྒྱུད་ལས་ཁང་ གྱངས་ཁ་ཆོདཔ་ཅིག་ལས་བརྒལ་ མེད་མི་དང་བསྟུན་ འབྲུག་གི་ གདམ་ཁ་དེ་ཡང་ ཆུང་སུ་ཅིག་ཨིན་རུང་ འགན་འཁྲི་ཅན་གྱི་ བརྡ་བརྒྱུད་ཨིན།
དེ་ཡང་ ག་འཆརཔ་ཟེར་བ་ཅིན་ བརྡ་བརྒྱུད་ཀྱིས་ སྤྱི་ཚོགས་ནང་ སྙན་ཞུ་འབད་མི་ཚུ་ རྒྱལ་ཡོངས་ཀྱི་ རྩོད་བསྡུར་ཅིག་སྦེ་ཐོན་པའི་ ནམ་དུས་ལུ་ ཨར་ཨེས་ཨེཕ་ལས་ཚོགས་ཀྱིས་ འབྲུག་གི་ བརྡ་བརྒྱུད་དལ་དབང་གི་ གནས་རིམ་སྙན་ཞུ་འབད་མི་དེ་ ཕྱི་འགྱུར་ཨིནམ་ལས་ དེ་ལུ་ རྩ་ལས་ར་ ཡིད་ཆེས་བསྐྱེད་ནི་མི་འོང་།
གལ་སྲིད་ ཨར་ཨེས་ཨེཕ་ལས་ཚོགས་ཀྱི་ཁ་ཐུག་ལས་ ཀུན་གྱིས་ངོས་ལེན་འབད་ཚུགས་པའི་ སྙན་ཞུ་གསལ་སྟོན་འབད་ནི་ཨིན་པ་ཅིན་ རྐངམ་གིས་བསྐོར་ཏེ་ དྲང་བདེན་གྱི་ སྙན་ཞུ་འབད་དགོཔ་འདུག།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *