བརྡ་བརྒྱུད་དང་ མི་མང་གི་ མཐའ་དོན་ལུ་ བརྩི་མཐོང་མེདཔ།

༉ ང་བཅས་འབྲུག་པའི་མི་ཚུ་ བསྒྱུར་བཅོས་འགྱོ་བའི་ དུས་ཚོད་ནང་ སྡོདཔ་བཞིན་དུ་ འབྲུག་རྒྱལ་ཁབ་ནང་ མི་སྡེ་དཔལ་འབྱོར་དང་ སྲིད་འབྲེལ་གནས་སྟངས་ སོར་བསྒྱུར་འགྱོ་བའི་ མདུན་ལམ་ལུ་ ཞུགས་ཡོད་མིའི་སྐོར་ལས་ ཡིག་ཐོག་ལུ་ བཀོད་བཞག་དགོཔ་དེ་ ག་ནི་བ་ གལ་ཆེ་མི་དེ་ཡང་ ཡིག་ཆའི་ཐོག་ལས་ རྒྱལ་ཁབ་ག་དེ་སྦེ་ སོར་བསྒྱུར་འགྱོཝ་ཨིན་ན་ ལོ་རྒྱུས་གསལ་སྟོན་འབདཝ་ཨིན།

འདི་འབདཝ་ལས་ ད་ལྟོ་ གཞི་འགྱམ་སྒྲིང་སྒྲི་སྦེ་ བཙུགས་པའི་བསྒང་ཡོད་མི་ དམངས་གཙོའི་རིང་ལུགས་ནང་ བརྡ་བརྒྱུད་དང་ དེ་གི་འགན་ཁུར་ཚུ་ ག་ནི་བ་ གལ་ཆེཝ་སྦེ་ བརྩི་འཇོག་འབད་དེ་ཡོདཔ་ཨིན།

འབྲུག་འདི་ དམངས་གཙོའི་རིང་ལུགས་ནང་ སོར་བསྒྱུར་འགྱོཝ་ད་ མངོན་གསལ་ཆེ་བའི་ བསྒྱུར་བཅོས་སྦོམ་ཤོས་ཅིག་ བརྡ་བརྒྱུད་རང་དབང་ཅན་བཟོ་སྟེ་ གསར་ཤོག་གི་ བརྡ་བརྒྱུད་ལས་ཁང་ལེ་ཤ་གཞི་བཙུགས་འབད་མི་དེ་ཨིནམ་ད་ ང་བཅས་རའི་ དབུ་ཁྲིད་ཚུ་གིས་ མི་མང་ལུ་ འབྲེལ་གནད་ཡོད་པའི་ ཐག་བཅད་གནད་དོན་ཚུ་ བརྡ་བརྒྱུད་ཐོག་ལས་ མི་སེར་ལུ་ བརྡ་སྤེལ་དགོཔ་ ཁག་ཆེཝ་སྦེ་ ཡིད་ཆེས་བསྐྱེདཔ་ཨིན།

འདི་འབདཝ་ད་ བརྡ་བརྒྱུད་ཀྱི་འགན་ཁུར་ མི་མང་སྲིད་བྱུས་ཚུ་གི་སྐོར་ལས་ མི་སེར་ལུ་ བརྡ་སྤེལ་ནི་དེ་ཨིན་རུང་ འཕྲལ་འཕྲལ་ར་ གདོང་ལེན་དང་ དཀའ་ངལ་བྱུང་དོ་ཡོདཔ་ད་ བཙག་འཐུ་གྲུབ་པའི་ དབུ་ཁྲིདཔ་ཚུ་གིས་ འབྲུག་པའི་མི་སེར་ག་ར་ལུ་ འབྲེལ་གནད་ཡོད་པའི་ མི་མང་སྲིད་བྱུས་ཚུ་གི་སྐོར་ གྲོས་བསྡུར་གནང་ནི་དེ་ ནང་འཁོད་གནད་དོན་ཨིནམ་སྦེ་ ཆ་བཞག་མི་དེ་ཡང་ གྲོས་འཛོམས་ནང་ བརྡ་བརྒྱུདཔ་ཚུ་ཡོད་པ་ཅིན་ མི་མང་གི་ གྲོས་གནས་ནང་ སྦ་གསང་མེད་པར་ གྲོས་བསྡུར་འབད་ནི་ལུ་ བར་ཆད་རྐྱབ་མས་ཟེར་བའི་ བསམ་ཚུལ་ཡོད་ནི་དེ་གིས་ཨིན་མས།

ཤེས་རིག་ལྷན་ཁག་གིས་ ད་རུང་ གཞལམ་སྒང་རྫོང་ཁག་ པཱན་སྦང་ལུ་ སྤྱི་ཟླ་༡༢ པའི་ཚེས་༢༧ ལས་ འགོ་བཙུགས་ནི་ཨིན་མི་ ཤེས་རིག་གྲོས་འཛོམས་ནང་ མང་ཤོས་ར་ བདག་སྐྱོང་དང་འབྲེལ་བའི་ གནད་དོན་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་འོང་ཟེར་ ཧད་འཕུལ་ཏེ་ བརྡ་བརྒྱུདཔ་ཚུ་ འབྲེལ་གཏོགས་འབད་ནི་ལས་ བཀག་འཛིན་འབད་མི་དེ་གིས་ བརྡ་བརྒྱུད་ཀྱི་ རང་དབང་དང་ མི་མང་ལུ་ གནས་ཚུལ་ཐོབ་སྤྱོད་འབད་ནི་གི་ ཐོབ་དབང་ལུ་ བརྩི་བཀུར་མེད་པར་ མེས་མེད་བསྐྱུར་དོ་བཟུམ་ཅིག་སྦེ་ གསལ་སྟོན་འབདཝ་མས།

ཤེས་རིག་གིས་ རྒྱལ་ཁབ་གོང་འཕེལ་གཏང་ནི་དང་ མི་སྡེ་ཤེས་ཡོན་ཅན་བཟོ་ནིའི་ནང་ འགན་ཁུར་རྩ་ཅན་འབག་མི་ སྡེ་ཚན་གལ་གནད་ཅན་ཅིག་ཨིནམ་ལས་ མི་མང་གི་ མཐའ་དོན་ལུ་ གཙོ་བོར་བཏོན་ཏེ་ ཕྱག་ཞུ་དགོ་པའི་ འགན་འཁྲི་ཡོདཔ་བཞིན་དུ་ བརྡ་བརྒྱུད་ཀྱི་ འགན་ཁུར་དེ་ཡང་ མི་མང་གི་ མཐའ་དོན་དང་འབྲེལ་བའི་ གནད་དོན་ཚུ་ བརྡ་སྤེལ་ནི་ལུ་ གཙོ་རིམ་བཟུངམ་ཨིན།

འདི་འབདཝ་ལས་ མི་མང་གི་ མཐའ་དོན་དང་ ཚ་གྱང་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་མི་ ཤེས་རིག་གྲོས་འཛོམས་སྐོར་ལས་ གནས་ཚུལ་ཁྱབ་སྤེལ་འབད་ནིའི་དོན་ལས་ བརྡ་བརྒྱུད་ལུ་ མགྲོན་བརྡ་འབད་དགོཔ་མེད། བརྡ་བརྒྱུད་ལུ་ དྲི་བའི་ལན་ཚུ་ ག་ཅི་ཨིན་ན་ གསལ་བཀོད་འབད་ནིའི་ འགན་ཁུར་ཡོད་མི་ལུ་བརྟེན་ སྲིད་བྱུས་རྩམ་མི་དང་ ཁོང་གི་ གྲོས་ཆོད་ཚུ་ལུ་ དྲི་བཀོད་འབདཝ་ཨིན།

མི་མང་གི་ གྲོས་གནས་ནང་ བརྡ་བརྒྱུད་འབྲེལ་གཏོགས་འབད་ནི་ལས་ བཀག་ཆ་འབད་མི་དེ་ དམངས་གཙོའི་རིང་ལུགས་ཀྱི་ གཞི་རྩ་ལས་འགལ་བའི་ ལཱ་བྱ་ཅིག་ཨིན་མི་དེ་ཡང་ བརྡ་བརྒྱུད་ཕྱིར་བཏོན་བཞག་མི་དེ་ མི་མང་ལུ་ གྲོས་བསྡུར་ནང་ བཅའ་མར་གཏོགས་ནི་གི་ གོ་སྐབས་མེདཔ་བཟོཝ་ཨིན་མས།

ལྷན་ཁག་གིས་འབད་བ་ཅིན་ གྲོས་འཛོམས་ནང་ བརྡ་བརྒྱུདཔ་ཚུ་ འབྲེལ་གཏོགས་འབད་མ་བཅུག་མི་དེ་ཡང་ གྲོས་བསྡུར་མང་ཤོས་ར་ བདག་སྐྱོང་དང་འབྲེལ་བའི་ གནད་དོན་ཚུ་གི་སྐོར་ལས་ འབད་ནི་ཨིན་ཟེར་ ཁུངས་བསྐྱརཝ་ཨིན་རུང་ རྫོང་ཁག་ཚུ་ནང་ལས་བཙུགས་མི་ གྲོས་གཞི་ཚུ་ལུ་ བལྟ་བ་ཅིན་ གནད་དོན་མང་ཤོས་ར་ མི་མང་ལུ་ འབྲེལ་གནད་ཡོད་མི་ཚུ་ བཀོད་དེ་འདུག།

གྲོས་གཞི་ཚུ་གི་གྲས་ལས་ སློབ་དཔོན་ཉེན་སྐྱོབ་བཅའ་ཁྲིམས་དང་ སློབ་གྲྭའི་བཟའ་འཐུང་ལས་རིམ་ རྒྱལ་ཡོངས་བཀྲམ་སྤེལ་བ་ཚུ་གིས་ སློབ་གྲྭ་ལྟེ་བ་ཚུ་ནང་ སྤུས་ཚད་མེད་པའི་ ལྷམ་དང་ ཨོམ་སོ་ཚུ་ བཀྲམ་སྤེལ་འབད་མི་ མཁོ་སྒྲུབ་ལམ་ལུགས་ལུ་བརྟེན་ སློབ་གྲྭ་ལྟེ་བ་ཚུ་ཡང་ སྤུས་ཚད་བྱང་ཉེས་འབད་མི་ ཅ་ཆས་ཚུ་ བཀྲམ་སྤེལ་འབད་མིའི་སྐོར་ གྲོས་བསྡུར་འབད་ནི་ཨིནམ་ད་ དེ་ཚུ་ བདག་སྐྱོང་དང་འབྲེལ་བའི་ གནད་དོན་མེན་པར་ མི་མང་ལུ་ འབྲེལ་བ་ཡོད་པའི་ གནད་དོན་ཚུ་ཨིནམ་ལས་ གསང་བཞག་དགོཔ་དང་ བརྡ་བརྒྱུད་ཀྱི་ འབྲེལ་གཏོགས་བཀག་ཆ་འབད་དགོཔ་ཅིག་ མིན་འདུག་ཟེར་ ཞུ་ནི་ཨིན།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *