བརྡ་བརྒྱུད་ཀྱིས་ མི་སྡེ་ལུ་ བརྡ་དོན་ཤེས་ཡོན་སྤྲོད་ནི་དེ་ཁག་ཆེ།

༉ འབྲུག་གི་མི་སྡེ་སོར་བསྒྱུར་འགྱོཝ་བཞིན་དུ་ བརྡ་དོན་བརྗེ་སོར་འབད་ནིའི་ ལམ་ལུགས་ཡང་ བསྒྱུར་བཅོས་འགྱོ་མི་ལུ་བརྟེན་ ད་རེས་ནངས་པར་ ང་བཅས་ལུ་ གདོང་ལེན་སྦོམ་ བྱུངམ་ཨིན་མས།

གདོན་ལེན་དེ་ཡང་ སྔར་ལུགས་བརྡ་བརྒྱུད་ལུ་བརྟེན་མེན་པར་ བརྡ་དོན་འཕྲུལ་རིག་གི་ གོང་འཕེལ་ལུ་བརྟེན་ མི་སྡེའི་བརྡ་བརྒྱུད་འདི་ ནད་གཞི་བཟུམ་ཅིག་ལུ་ གྱུར་ཡོདཔ་མ་ཚད་ པར་བརྙན་དང་ འདོད་ཆགས་དང་འབྲེལ་བའི་ གློག་བརྙན་ཚུ་ གཅིག་གིས་གཅིག་ལུ་ བརྗེ་སོར་འབད་ནི་དེ་གིས་ མི་སྡེ་ལུ་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ལུ་ གྱུར་ཏེ་ཡོདཔ་ཨིན།

དེ་མ་ཚད་ མ་བདེན་པའི་ གནས་ཚུལ་ཁྱབ་སྤེལ་དང་ ཤུལ་ལས་ ཉེན་ཁ་འོང་ནི་ཨིནམ་མ་ཤེས་པར་ བརྡ་དོན་དང་ པར་བརྙན་ལ་སོགས་པ་ བརྟག་ཤིང་ག་ནི་ཡང་མ་དཔྱད་པར་ འགྲུལ་འཕྲིན་ཐོག་ལས་ བརྗེ་སོར་འབད་མི་ལུ་བརྟེན་ རྩོད་དོན་ལ་ལོ་ཅིག་ སྐུར་འདེབས་སམ་ མ་ཉེས་ཁ་ཡོག་བཀལ་བའི་ ཉེས་འཛུགས་ཐོག་ ཁྲིམས་ཀྱི་འདུན་སར་ ལྷོད་དེ་འདུག།

དཔེ་འབད་བ་ཅིན་ སྤ་རོའི་ཁྲིམས་སྲུང་འགག་པ་གིས་ འདོད་སྤྱོད་དང་འབྲེལ་བའི་ གློག་བརྙན་ཁྱབ་སྤེལ་འབད་མིའི་ནང་ མི་༦ ལུ་ སྐུར་འདེབས་ཀྱི་ ཉེས་འཛུགས་འབད་དེ་ ཁྲིམས་སར་བསྐྱལ་ཡོད་མི་དེ་ཡང་ སྤ་རོ་ལས་ ཕོ་སྐྱེས་༤ དང་ ཨམ་སྲུ་༢ ཀྱིས་ འདོད་སྤྱོད་གློག་བརྙན་ནང་ཡོད་མི་དེ་ སྐྱེས་ལོ་༣༠ ལང་མི་ ཨམ་སྲུ་དེ་ཨིན་མས་ཟེར་ མི་སྡེའི་བརྡ་བརྒྱུད་ ཝི་ཅཱཌ་ནང་ ཁྱབ་སྤེལ་འབད་ནི་དེ་གིས་ཨིན་མས།

ད་རུང་ འཕྲལ་ཁམས་ཅིག་ཁར་ ཀྲོང་གསར་ལུ་ ཆང་འགྲངས་མི་ ཨཔ་ཅིག་གི་ སྒྱེན་མོའི་པར་ མི་སྡེའི་བརྡ་བརྒྱུད་ ཝི་ཅཱཌ་ནང་ ཁྱབ་སྤེལ་འབད་མི་དེ་ མཐའན་མཇུག་ལུ་ ཐིམ་ཕུག་ལུ་སྡོད་མི་ ཁོ་རའི་བུམོ་གི་ ཝི་ཅཱཌ་ནང་ ལྷོད་པའི་ཤུལ་ལས་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབདཝ་ལས་ པར་བཏབ་མི་ གྲོང་གཡུས་ཀྱི་བུཚ་ སྡེ་ཚན་ཅིག་ འཛིན་བཟུང་འབད་ནུག།

ད་རེས་ནངས་པར་ མི་ཚུ་གིས་ མིང་རྫུས་མ་བཀོད་དེ་ ཝི་ཅཱཌ་དང་ གདོང་དེབ་ཕེགསི་བུག་ལག་ལེན་འཐབ་ཐོག་ལས་ ཤེས་རྟོགས་མེད་པའི་ བུམོ་དང་ ཨམ་སྲུ་ལེ་ཤ་ཅིག་ར་ མགུ་སྐོར་རྐྱབ་ཡོད་པའི་ རྩོད་དོན་ཡང་ མང་སུ་ཐོན་དོ་ཡོད་པའི་ ལོ་རྒྱུས་ཡང་ གོཝ་མས།

དཔེར་ན་ ཀྲོང་གསར་ལུ་ མང་སྡེ་ཆུ་གློག་མེ་ལས་འགུལ་ནང་ ལཱ་འབད་མི་ དེད་གཡོགཔ་དང་ རྒྱབ་སྐྱོར་ལས་བྱེདཔ་ སྲུང་རྒྱབ་དག་པ་ཅིག་གིས་ ལས་འགུལ་གྱི་ བཟོ་རིག་འགོ་དཔོན་དང་ ས་ཁོངས་ཀྱི་ འཕྲུལ་རིག་འགོ་དཔོན་ཨིནམ་སྦེ་བཟོ་སྟེ་ མི་སྡེའི་བརྡ་བརྒྱུད་ནང་ བརྡ་དོན་ཕྱི་གྱུར་སྤྲོད་ཐོག་ལས་ མགུ་སྐོར་རྐྱབ་སྟེ་ ལ་ལོ་གིས་ ཨམ་སྲུ་ཚུ་ལུ་ ཨ་ལོ་བཀང་བྱིན་ཡོད་པའི་སྐོར་ འདས་པའི་ བདུན་ཕྲག་ནང་ འབྲུག་བརྡ་བརྒྱུདཔ་མཐུན་ཚོགས་ཀྱིས་ པཱན་སྦང་དྲུང་ཁག་ནང་ བརྡ་བརྒྱུད་ཀྱི་ བརྡ་དོན་ཤེས་ཡོན་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཤེས་རྟོགས་བྱུང་ཡི།

དེ་ལས་ འདོད་སྤྱོད་དང་འབྲེལ་བའི་ པར་བརྙན་དང་ གློག་བརྙན་ཚུ་ བརྗེ་སོར་འབད་མི་དེ་ ན་གཞོན་དང་ འབྲི་ལྷག་གི་ ཤེས་ཡོན་མེད་མི་རྐྱངམ་གཅིག་མེན་པར་ ཁྲིམས་ལུགས་ཧ་གོ་མི་དང་ ཁྲིམས་བཟོའི་ནང་ འབྲེལ་གཏོགས་ཡོད་མི་ བློན་པོ་རེ་གཉིས་དང་ ཆེ་མཐོའི་འགོ་དཔོན་ཚུ་ཡང་ཡོད་པའི་ ལོ་རྒྱུས་གོཝ་མས།

མ་འོངས་པ་ལུ་ མི་སྡེའི་བརྡ་བརྒྱུད་དང་འབྲེལ་བའི་ དཀའ་ངལ་དང་ རྩོད་རྙོགས་མངམ་འཐོན་སྲིད་ནི་ཨིནམ་ལས་ ང་བཅས་ཀྱི་མི་སྡེའི་ནང་ བརྡ་བརྒྱུད་ཀྱི་ ཤེས་ཡོན་བྱིན་དགོཔ་དེ་ གལ་ཆེཝ་སྦེ་མཐོངམ་མས།

ང་བཅས་ལུ་ ཁེ་གྱོང་པ་དང་ མཁས་མཆོག་ཚུ་ཡོད་རུང་ ཤེས་རྟོགས་མེད་པའི་ མི་སེར་ཚུ་ལུ་ བརྡ་དོན་དང་ ཤེས་ཡོན་ག་དེ་སྦེ་ སྤྲོད་ནི་ཨིན་ན་ ཐབས་ལམ་བཏོན་ནི་ལུ་ གཙོ་རིམ་བཟུང་དགོཔ་འདུག།

དེ་གི་ནང་དོན་ཉིད་ལས་ འགན་འཁྲི་ཅན་གྱི་ མི་སེར་བཟོ་དགོ་པ་ཅིན་ མི་སྡེའི་བརྡ་བརྒྱུད་ནང་ ག་ཅི་ལག་ལེན་འཐབ་ཆོགཔ་ཨིན་ན་ ག་ཅི་ ལག་ལེན་འཐབ་མ་ཆོགཔ་ཨིན་ན་ ཤེས་རྟོགས་ཡོདཔ་བཟོ་དགོཔ་ལས་ འདི་གི་དོན་ལུ་ བརྡ་བརྒྱུད་ཀྱིས་ མི་མང་ལུ་

བརྡ་བརྒྱུད་དང་འབྲེལ་བའི་ གོ་བརྡ་དང་ ཤེས་ཡོན་སྤྲོད་ནི་གི་ འགན་ཁུར་འབག་དགོཔ་བཞིན་དུ་ འབྲེལ་ཡོད་དབང་འཛིན་ཚུ་གིས་ཡང་ འགན་ཁུར་འདྲ་མཉམ་འབད་དགོ་ཟེར་ ཞུ་ནི་ཨིན།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *