བརྡ་བརྒྱུད་ཀྱི་ དལ་དབང་ལུ་བརྙས་བཅོས?

༉ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོའི་འཛོམས་འདུ་ཚུ་ ཁ་ཙ་ལས་ གཞལམ་སྒང་རྫོང་ཁག་མ་གཏོགས་ རྫོང་ཁག་གཞན་ག་རའི་ནང་ མཇུག་བསྡུ་མི་དང་བསྟུན་ རྒེད་འོག་ལས་ གདམ་འཐུ་གྲུབ་མི་ འདེམས་ངོ་ཚུ་གིས་ གདམ་ངོའི་ཡིག་ཆ་ཚུ་ བཙུགས་པའི་བསྒང་ཡོདཔ་བཞིན་དུ་ ད་ཚུན་གྱི་བར་ན་ བཙག་འཐུའི་བྱ་རིམ་དེ་ ལེགས་ཤོམ་སོང་ཡོདཔ་སྦེ་ བཙག་འཐུ་འགོ་དཔོན་ཚུ་གིས་ བཤདཔ་ཨིན་མས།
བཙག་འཐུ་དེ་ རང་མོས་དང་ རྣམ་དག་ཐོག་ལས་ འགོ་འདྲེན་འཐབ་ནིའི་དོན་ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ བཙག་འཐུའི་བྱ་རིམ་ཚུ་ལུ་ ལྷན་ཐབས་འབད་མི་ རྒྱལ་ཁབ་ནང་འཁོད་ལུ་ འགོ་དཔོན་མང་རབས་ཅིག་ བགོ་བཀྲམ་འབད་དེ་ཡོད་པའི་ཁར་ བརྡ་བརྒྱུད་ཀྱིས་ བཙག་འཐུ་དང་འབྲེལ་བའི་ གནས་ཚུལ་ཚུ་ ཕྱོགས་ལྷུང་མེད་པར་ དྲང་བདེན་ཐོག་ ཁྱབ་སྤེལ་འབད་ཐབས་ལུ་ བརྡ་བརྒྱུད་འདུམ་འགྲིག་ཡིག་ཚང་ ལོགས་སུ་སྦེ་ གཞི་བཙུགས་འབད་དེ་འདུག།
བརྡ་བརྒྱུད་ལས་ཁང་ཚུ་གི་ ཁ་ཐུག་ལས་འབད་རུང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དེ་ རང་མོས་རྣམ་དག་དང་ མཐར་འཁྱོལ་འབྱུང་ཐབས་ལུ་ གདམ་ངོའི་འཛོམས་འདུ་ཚུ་ ཕྲ་ཞིང་ཕྲ་བ་སྦེ་ གསལ་བཀོད་ཐོག་ བརྡ་སྤེལ་འབད་བཞིན་དུ་ཡོདཔ་ཨིན།
བཙག་འཐུ་དང་འབྲེལ་བའི་ ལཱ་འབད་བའི་ ནམ་དུས་ལུ་ བྱ་སྟབས་མ་བདེཝ་དང་ གནད་དོན་ལ་ལོ་ཅིག་ནང་ བརྡ་བརྒྱུད་ཀྱིས་ འབད་ཆོག་མི་ཆོག་སྐོར་ དྭངས་གསལ་མེད་མི་ལུ་བརྟེན་ མགུ་འཐོམ་བྱུངམ་ད་ དོགས་སེལ་གྱི་དོན་ལུ་ འབྲེལ་ཡོད་འགོ་དཔོན་ཚུ་དང་ འབྲེལ་བ་འཐབ་སྟེ་ དྲི་བ་བཀོད་ནི་འདི་ བརྡ་བརྒྱུད་ཀྱི་ འགན་ཁུར་དང་ ཐོབ་དབང་ཨིན།
དེ་སྦེ་ དྲི་བ་བཀོདཔ་ད་ དབང་ཚད་ཅན་ཚུ་ དོགས་སེལ་འབད་ནིའི་ཚབ་ལུ་ བརྡ་བརྒྱུད་ཀྱིས་ འབད་མ་ཆོག་པའི་ ཁྲིམས་ལུགས་དང་ ལམ་སྟོན་ཚུ་ལུ་ གཞི་བཟུང་ཐོག་ དྲག་སྐྱེད་ཞེ་སྡང་ལང་ དེ་ལས་ བརྡ་བརྒྱུད་ལས་ ཟུར་སྡོད་པ་ཅིན་ རང་མོས་དང་ རྣམ་དག་ཐོག་ བཙག་འཐུ་འགོ་འདྲེན་འཐབ་ནི་ལུ་ དཀའ་ངལ་འབྱུང་ནི་དང་ དམངས་གཙོའི་རིང་ལུགས་ཀྱི་ གཞི་འགྱམ་སྒྲིང་སྒྲི་བཟོ་ནི་ལུ་ཡང་ ཐོ་ཕོག་ནིའི་ ཉེན་ཁ་ཡོད།
བརྡ་བརྒྱུད་ཀྱི་ཁ་ཐུག་ལས་ བཙག་འཐུའི་བྱ་རིམ་དང་ འདེམས་ངོ་ ཚོགས་རྒྱན་བཙུགས་མི་ཚུ་གི་སྐོར་ དྭངས་གསལ་བཟོ་ནིའི་དོན་ལུ་ གནས་ཚུལ་བསྡུ་བཀོད་འབད་བའི་སྐབས་ ཚོགས་རྒྱན་གྱི་ གྱངས་ཁ་དང་ སྐྱེས་ལོ་ཚུ་ དུམ་གྲ་རེ་ འཛོལ་དོ་ཡོདཔ་ཨིན་རུང་ ཤུལ་ལས་ ནོར་བ་བྱུང་མི་ཚུ་ ནོར་བཅོས་འབད་ནི་ཡོད་མི་དེ་ འཛམ་གླིང་ནང་ བརྡ་བརྒྱུད་ཀྱི་ ལམ་ལུགས་ཅིག་ཨིནམ་བཞིན་དུ་ འདི་བཟུམ་མའི་ ནོར་བཅོས་འབད་མི་དེ་ལུ་ མི་ཚུ་གིས་ཡང་ ངོས་ལེན་ལེགས་ཤོམ་འབདཝ་ཨིན་མས།
ཨིན་རུང་ རྒྱལ་ཡོངས་ཚོགས་སྡེའི་ འཛོམས་འདུ་ཚུ་ འགོ་འདྲེན་འཐབ་ད་ བརྡ་བརྒྱུད་ལས་ཁང་དག་པ་ཅིག་གིས་ འཛོལ་བ་དུམ་གྲ་རེ་ བཟོ་མི་ལུ་བརྟེན་ བཙག་འཐུ་ལྷན་ཚོགས་ཀྱིས་ བསྐོ་བཞག་འབད་མི་ བརྡ་བརྒྱུད་འདུམ་འགྲིག་ཡིག་ཚང་གིས་ བརྡ་བརྒྱུད་ལས་ཁང་གཅིག་ཤུལ་ གཉིས་ཤུལ་སྦེ་ འབོ་ཐོག་ལས་ ངག་བརྗོད་ལེནམ་མ་ཚད་ འཛོལ་བ་བཟོ་མི་ཚུ་ལུ་ སྒྲིགས་ཁྲིམས་དང་འབྲེལ་བའི་ དང་ལེན་འབད་མི་དེ་གིས་ བརྡ་བརྒྱུདཔ་ཚུ་ལུ་ ཚ་གྱང་ལང་དགོཔ་བྱུང་ནུག།
བརྡ་བརྒྱུདཔ་ཚུ་གི་སྣང་བ་ལུ་ བརྡ་བརྒྱུད་ཀྱི་ རྒྱབ་ཁུངས་མེད་མི་ བརྡ་བརྒྱུད་དབང་འཛིན་པའམ་ འདུམ་འགྲིག་ཡིག་ཚང་གིས་ བརྡ་བརྒྱུད་ཀྱི་ དལ་དབང་ལུ་ བརྩི་མཐོང་མ་བསྐྱེད་པར་ བརྙས་བཅོས་དང་ དབང་གནོན་ཐོག་ ཁོང་གིས་ ག་སླབ་མི་དང་འཁྲིལ་ གནས་ཚུལ་སྤེལ་དགོཔ་བཟུམ་ཅིག་སྦེ་ མཐོངམ་ཨིན་མས།
འཛོལཝ་བླ་མའི་གསུང་། །ཆདཔ་གཟར་ཁའི་ཆུ། །ཟེར་ དཔྱེ་གཏམ་སླབ་སྲོལ་ཡོདཔ་བཟུམ་ བརྡ་བརྒྱུདཔ་ཚུ་ཡང་ འགྲོ་བ་མི་འབད་བ་ལུ་བརྟེན་ འཛོལ་བ་བཟོ་སྲིད་ནི་ཨིནམ་ལས་ བརྡ་བརྒྱུད་འདུམ་འགྲིག་ཡིག་ཚང་གིས་ཡང་ ནོར་བ་ཕྱམ་ཕྱིམ་ཚུ་ལུ་བལྟ་སྟེ་ དང་ལེན་དང་ ཉེས་བྱ་ཚུ་ བཀལ་ནི་མེན་པར་ འདུམ་འགྲིག་པའི་ ལཱ་དང་འགན་ཁུར་ དྭངས་གསལ་བཟོ་དགོཔ་མ་ཚད་ གནས་ཚུལ་ཚུ་ནང་ ཕྱོགས་ལྷུང་དང་ དྲང་བདེན་མེདཔ་ དེ་ལས་ ཚོགས་རྒྱན་སྐྱུར་མི་ཚུ་གི་ སེམས་འགྱུར་ཉེན་ཡོད་པའི་ གནད་དོན་ཚུ་ དབྱེ་དཔྱད་འབད་ཚུགསཔ་ བཟོ་བ་ཅིན་ ད་ལྟོ་བཟུམ་སྦེ་ སྟབས་མ་བདེཝ་དང་ རྩོད་རྙོགས་ཐོན་དགོཔ་མིན་འདུག་ཟེར་མནོཝ་མས།
གོང་ལུ་བཀོད་དོ་བཟུམ་ དམངས་གཙོའི་རིང་ལུགས་ནང་ དགག་བཤེར་དང་ ཚད་མཉམ་བཟོ་ནིའི་དོན་ལུ་ བརྡ་བརྒྱུད་ཀྱིས་ འདྲོག་འཇིགས་མེད་པར་ འགན་ཁུར་རྩ་ཅན་ འབག་དགོཔ་དེ་ ག་ནི་བ་གལ་ཆེ། འདི་འབདཝ་ལས་ བརྡ་བརྒྱུད་ལུ་ བརྩི་མཐོང་སྦོམ་བསྐྱེད་དེ་ ཁོང་རའི་ ཁྱད་རིག་དང་ ཀུན་སྤྱོད་རྣམ་གཞག་དང་འཁྲིལ་ འགན་ཁུར་འབག་བཅུག་པ་ཅིན་ ང་བཅས་རའི་ མི་སྡེ་གིས་ཡང་ བརྡ་དོན་ཚུ་ དུས་ཐོག་ལུ་ཐོབ་སྟེ་ གྲོས་ཐག་བཅད་ཚུགས་པའི་ ཁེ་ཕན་ཡོདཔ་ཨིན།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *