བརྡ་དོན་ལེགས་ཤོམ་སྤྲོད་དགོཔ།

༉ སྤྱི་ཟླ་༣ པའི་ཚེས་༢༧ ལས་ རྒྱལ་ཁབ་ནང་འཁོད་ལུ་ ནད་ཡམས་ཀོ་བིཌ་-༡༩འི་ སྨན་ཁབ་ལས་རིམ་ འགོ་བཙུགས་ཞིནམ་ལས་ཚུར་ ཁ་ཙ་ཚུན་ཚོན་ མི་འབུམ་༤ ལྷགཔ་ཅིག་གིས་ ཁབ་བཙུགས་ཡོདཔ་བཞིན་དུ་ ནངས་པ་ཉིན་མཇུག་ལུ་ མི་གྲངས་༥༣༣,༥༥༨ དམིགས་གཏད་འབད་མི་ལས་ ཧ་ལམ་ བརྒྱ་ཆ་༩༥ དེ་ཅིག་ལུ་ སྨན་ཁབ་བཙུགས་ཚར་ནི་ཨིན་མས།

མི་འབོར་དེམ་ཅིག་ལུ་ སྨན་ཁབ་བཙུགས་ཚུགས་པ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གྲུབ་འབྲས་སྦོམ་ཤོས་ཅིག་དང་ འཛམ་གླིང་ནང་ མིག་དཔེ་ཅིག་ལུ་ འགྱུར་ནི་ཨིན་མས།

ཨིན་རུང་ སྨན་ཁབ་ལས་རིམ་ འགོ་བཙུགས་ཏེ་ ཉིན་གྲངས་༣ གྱི་ ནང་འཁོད་ལུ་ མི་ངོ་༣ གྱིས་ སྨན་ཁབ་ལན་ཐེངས་༢ རེ་ བཙུགས་མི་དེ་ལུ་ མི་མང་གིས་ ག་དེ་སྦེ་ ཡར་སོཔ་ཨིན་ན་ཟེར་ དྲི་བ་ཚུ་ བཀོདཔ་ཨིན་མས།

བྱུང་རྐྱེན་དང་པ་དེ་ སྨན་ཁབ་འགོ་བཙུགས་པའི་ཉིན་མར་ བསམ་རྩེ་ལུ་ སྐྱེས་ལོ་༥༡ ལང་མི་ དགེ་སློང་ཅིག་གིས་ སྨན་ཁབ་ལན་ཐེངས་༢ བཙུགས་ཡོདཔ་བཞིན་དུ་ དེ་སྦེ་ ཁབ་ཚར་གཉིས་བཙུགས་མི་དེ་ཡང་ ཁོ་གིས་ མནོ་ཞིང་བསམ་ཞིང་འབད་འབདཝ་ མེན་པའི་ཁར་ ཁབ་༢ བཙུགས་དགོ་པའི་ ལོ་རྒྱུས་གོ་མི་ལུ་བརྟེན་ཨིན་མས།

ད་རུང་ ཉིནམ་དེ་ནང་ར་ ངང་ལམ་ལུ་ སྐྱེས་ལོ་༥༤ ལང་མི་ ཕོ་སྐྱེས་ཀྱིས་ཡང་ ལྟ་རྟོག་གི་དོན་ལུ་ དུས་ཡུན་སྐར་མ་༣༠ མ་སྡོདཔ་ལས་ར་ སྨན་ཁབ་ཚར་༢ བཙུགས་ཡོདཔ་ད་ ལོ་རྒྱུས་དང་འཁྲིལཝ་ད་ ཕོ་སྐྱེས་དེ་ སྨན་ཁབ་དང་པ་ བཙུགས་ཚར་བའི་ཤུལ་ལུ་ ལྟ་རྟོག་ཁང་ནང་ ཁྱིད་འགྱོ་མི་གིས་ ལམ་ཕྱེད་ཀ་ཚུན་ ཁྱིད་བསྐྱལ་ནུག་ཟེར་ཨིན་མས།

དེ་འབདཝ་ད་ ཕོ་སྐྱེས་དེ་གིས་ ལྟ་རྟོག་ཁང་ནང་མེན་པར་ ཁབ་བཙུགས་སའི་ ཁང་མིག་གཞན་ཅིག་ནང་སོང་སྟེ་ ཁབ་གཉིས་པ་དེ་ བཙུགས་ཡོདཔ་ད་ ཉིནམ་༢ ཀྱི་རྒྱབ་ལས་ གཞལམ་སྒང་ལུ་ མི་༡ གིས་ ཁབ་གཉིས་བཙུགས་ནུག།

གསོ་བའི་འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ མི་ལེ་ཤ་ཅིག་གི་སེམས་ཁར་ དུས་མཉམ་ལུ་ ཁབ་གཉིས་བཙུགས་དགོ་པའི་ འཆར་སྣང་བྱུང་ནུག་ཟེར་ཨིན་མས།

བྱུང་རྐྱེན་གསུམ་ལུ་ བལྟ་བ་ཅིན་ སྨན་ཁབ་ལན་ཐེངས་༢ བཙུགས་མི་དེ་ ལྟ་རྟོག་དང་ ནན་ཞིབ་ལམ་ལུགས་ ལེགསཤོམ་མེད་པའི་ བརྡ་མཚོན་སྟོནམ་མས།

དཔེར་ན་ བྱུང་རྐྱེན་གཞན་ཅིག་ནང་ ཀྲོང་གསར་ལུ་ ཨམ་སྲུ་ཅིག་གིས་ མོ་རའི་བུ་གི་ ཚོགས་རྒྱན་ལག་ཁྱེར་འབག་སྟེ་ སྨན་ཁབ་བཙུགས་ཡོད་མིའི་སྐོར་ སྤྱི་ཟླ་༣ པའི་ཚེས་༣༠ ལུ་ ཐིམ་ཕུག་ལུ་ མོ་རའི་བུ་གིས་ ཁབ་བཙུགས་ཚརཝ་ད་རྐྱངམ་གཅིག་ མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་ ཨང་གྲངས་གཅིག་ནང་ མི་༢ ཀྱིས་ སྨན་ཁབ་བཙུགས་ཡོདཔ་ གསོ་བའི་ལས་བྱེདཔ་ཚུ་ལུ་ ཤེས་རྟོག་བྱུང་ནུག།

དེ་བཟུམ་མའི་ དཀའ་ངལ་བྱུང་མི་དེ་ གཙོ་བོ་ར་ མི་མང་ལུ་ ནད་ཡམས་ཀོ་བིཌ་-༡༩ འི་སྨན་ཁབ་སྐོར་ལས་ བརྡ་དོན་ལེགས་ཤོམ་སྦེ་ མ་སྤྲོདཔ་བཟུམ་སྦེ་ གསལ་སྟོན་འབདཝ་མས།

གསོ་བའི་འགོ་དཔོན་ཚུ་གིས་ ཡོངས་འབྲེལ་ལམ་ལུགས་ ལཱ་འབད་མ་བཏུབ་ ཐལ་མི་ལུ་བརྟེན་ དཀའ་ངལ་དུམ་གྲ་རེ་ བྱུང་ཡོདཔ་སྦེ་ བཤདཔ་ཨིན་རུང་ སྨན་ཁབ་བཙུགས་མི་ཚུ་གི་ བསམ་ལན་དང་འཁྲིལ་བ་ཅིན་ སྨན་ཁབ་བཙུགས་པར་ འོང་མི་ཚུ་ལུ་ བརྡ་དོན་སྤྲོད་ནི་མེདཔ་མ་ཚད་མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་ ཨང་གྲངས་ཚུ་ཡང་ བདེན་དཔྱད་འབད་ནི་མིན་འདུག་ཟེར་ཨིན་མས།

ཨིན་རུང་ དོམ་རྒྱལ་ཐལཝ་ད་ དཔའ་རྟགས་འབལ་ནི་དེ་ ཁུངས་མེདཔ་ལས་ ད་རེས་ཀྱི་ བྱུང་རྐྱེན་ཚུ་ ཉམས་མྱོང་སྦེ་ བརྩི་འཇོག་ཐོག་ ཟླཝ་༢ དེ་ཅིག་གི་རྒྱབ་ལས་ རྒྱལ་ཡོངས་ཀྱི་ སྨན་ཁབ་ལས་རིམ་ཐེངས་གཉིས་པ་ འགོ་འདྲེན་འཐབ་པའི་སྐབས་ མི་༡ གིས་ དུས་མཉམ་ལུ་ སྨན་ཁབ་ལན་ཐེངས་༢ བཙུགས་ནི་མེདཔ་ ངེས་བརྟན་བཟོ་ཐབས་ལུ་ བརྡ་དོན་ཚུ་ མ་བཏུབ་བཏུབ་སྦེ་ སྤྲོད་དགོཔ་མ་ཚད་ སྨན་ཁབ་བཙུགས་སའི་ ས་ཁོངས་ཚུ་ནང་ཡང་ ལྟ་རྟོག་ལམ་ལུགས་སྒྲིང་སྒྲི་བཙུགས་དགོ།

འདི་དང་གཅིག་ཁར་ ང་བཅས་ག་ར་ ནད་ཡམས་ཀོ་བིཌ་-༡༩ འི་ཉེན་ཁ་ལས་ སྲུང་ཐབས་ལུ་ གཡང་ཟ་བག་ཟོད་མེད་པར་ གདོང་ཁར་ཐོན་ཏེ་ སྨན་ཁབ་བཙུགས་ནི་དེ་གལ་ཆེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *