བརྡ་དོན་དང་ འཕྲུལ་རིག་ཚད་འཛིན་གྱི་ ས་གོ་རྒྱ་བསྐྱེད་འབད་ནིའི་དགོས་མཁོ།

༉ ཐིམ་ཕུག་གསར་སྦིས་ཐང་ བརྡ་དོན་དང་ འཕྲུལ་རིག་ཚད་འཛིན་ནང་ རྒྱལ་སྤྱི་བརྡ་དོན་འཕྲུལ་རིག་ལས་སྡེ་ཚུ་ལས་ བརྡ་དོན་གྱི་ ཞབས་ཏོག་སྤྱོད་མི་ ལེ་ཤ་ཐོན་མི་ལུ་བརྟེན་ ཚད་འཛིན་དེ་ རྒྱ་བསྐྱེད་འབད་དགོཔ་འདུག་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ཚད་འཛིན་དེ་ རྒྱལ་སྤྱི་ལས་སྡེ་༦ གིས་ ཁང་གླ་ལེན་ཐོག་ལས་ ལག་ལེན་འཐབ་སྟེ་ཡོདཔ་ད་ ད་ལྟོ་ རྒྱལ་སྤྱི་ལས་སྡེ་༢ ཐོ་བཀོད་ཀྱི་ བྱ་རིམ་ནང་ཡོད་མི་དེ་ ཆ་འཇོག་འགྲུབ་པའི་ཤུལ་ལས་ ཚད་འཛིན་གྱི་ ས་ཆ་གྲུ་བཞི་༦༠,༠༠༠ ཡོད་མི་ག་ར་ གང་ནི་ཨིན་པས།
ཚད་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཚེ་རིང་སི་རྒྱལ་རྡོ་རྗེ་གིས་ རྒྱལ་ཁབ་ནང་ བརྡ་དོན་འཕྲུལ་རིག་ གོང་འཕེལ་གཏང་ནི་དང་ ཚད་འཛིན་ནང་ དང་འདོད་ཅན་གྱི་ ལས་སྡེ་ཚུ་གི་ མཁོ་འདོད་འགྲུབ་ཐབས་ལུ་ མཐུན་རྐྱེན་ཁ་སྐོང་དགོཔ་འདུག་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚད་འཛིན་གྱིས་ ལཱ་གཡོག་གི་ གོ་སྐབས་ལེ་ཤ་བཟོ་ཡོདཔ་མ་ཚད་ རྒྱལ་སྤྱི་ལས་སྡེ་ཚུ་དང་གཅིག་ཁར་ཡང་ ཁྱད་རིག་དང་ ཐབས་རིག་བརྗེ་སོར་ཚུ་ འབད་ཚུགས་ཅི་ཟེར་ཨིནམ་ད་ ལས་སྡེ་ཚུ་ལས་ གྲོས་འཆར་ལེ་ཤ་ལྷོད་ཡོདཔ་ལས་ ས་གོ་མེད་མི་ལུ་བརྟེན་ ཆ་མེད་གཏང་ཐབས་མེདཔ་ལས་ གྲོས་འཆར་ཚུ་ ལེགས་ཤོམ་སྦེ་ བརྟག་ཞིབ་འབད་དེ་ ས་གོ་རྒྱ་བསྐྱེད་གཏང་དགོཔ་འདུག་ཟེར་ཨིན་པས།
འཕྲུལ་རིག་ལུ་བརྟེན་ ལཱ་གཡོག་གི་ གོ་སྐབས་ལེ་ཤ་ བཟོ་དོ་ཡོདཔ་ལས་ ཧེ་མར་ ཚད་འཛིན་དེ་ རྒྱ་བསྐྱེད་འབད་ནི་ལུ་ ས་ཆ་ཨེ་ཀར་༡༣ བཞག་ཡོད་མི་དང་བསྟུན་ ལས་འགུལ་༢ པ་དེ་ འགོ་བཙུགས་དགོཔ་འདུག་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཁོ་གིས་ བཤད་མིའི་ནང་ འཕྲལ་མགྱོགས་ར་ མཐུན་རྐྱེན་ཁ་སྐོང་ཚུ་ འཐོབ་ཚུགས་པའི་ རེ་བ་བསྐྱེད་དོཡོདཔ་ཨིན་རུང་ གོ་རིམ་༢ པ་ གྲུབ་འབྲས་ཅན་ བཟོ་ནིའི་དོན་ལུ་ ལཱ་རྩ་འགེངས་འབད་དགོ་ཟེར་ཨིན་པས།
བརྒྱུད་འབྲེལ་བློན་པོ་ ཌི་ཨེན་དུང་གཱེལ་གྱིས་ གསུངས་མིའི་ནང་ ཚད་འཛིན་རྒྱ་བསྐྱེད་འབད་བའི་སྐབས་ ཟད་འགྲོ་ལེ་ཤ་གཏང་དགོཔ་ལས་ གཞུང་གིས་ ད་རེས་ཀྱི་ འཆར་གཞི་ནང་ འབད་མི་ཚུགསཔ་ ངེས་བདེན་ཨིནམ་ལས་ འཆར་གཞི་༡༢ པའི་ནང་ གཙོ་རིམ་བཟོ་སྟེ་ བཞག་འོང་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ ཚད་འཛིན་དེ་ འགོ་དང་པ་ གཞི་བཙུགས་འབད་བའི་ ནམ་དུས་ལུ་ ལག་ལེན་ལེགས་ཤོམ་མ་འཐབ་པའི་ཁར་ འགྲོས་ཀྱིས་སྦེ་ གོང་འཕེལ་འགྱོ་དོ་བཟུམ་མའི་ མཐོང་སྣང་བྱུང་ཡོདཔ་ལས་ མཐུན་རྐྱེན་རྒྱ་བསྐྱེད་འབད་ནི་དང་ ལས་འགུལ་གྱི་ གོ་རིམ་༢ པ་ གཞི་བཙུགས་འབད་ནི་གི་ འཆར་གཞི་ར་མེད་ཟེར་ཨིན་པས།
ཨིན་རུང་ ད་རེས་ ཚད་འཛིན་གོང་འཕེལ་སོང་སྟེ་ བཟོ་གྲྭ་འཕྲུལ་ཁང་ལུ་ བསྒྱུར་བཅོས་འབད་ཡོད་མི་དང་བསྟུན་ མཐུན་རྐྱེན་རྒྱ་བསྐྱེད་འབད་ནི་གི་ འོས་འབབ་ཡོདཔ་ལས་ གོ་རིམ་༢ པ་ བཟོ་ནི་ལུ་ མནོ་བསམ་བཏང་དོ་ཟེར་ བློན་པོ་གིས་ གསུངས་པའི་ཁར་ གོ་རིམ་༢ པ་ འགོ་བཙུགས་ནིའི་དོན་ལུ་ འཆར་གཞི་མ་བརྩམ་པའི་ཧེ་མར་ ལས་འགུལ་དེ་ ག་གིས་ རྒྱུན་སྐྱོང་འཐབ་ནི་ཨིན་ནའི་སྐོར་ལས་ ད་ལྟོ་ གནད་དོན་དེའི་ཐོག་ལུ་ ལཱ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ འཆར་གཞི་༡༡ པ་ མཇུག་བསྡུ་ནི་ལུ་ ལོ་༡ ལས་བརྒལ་མེདཔ་ལས་ གོ་རིམ་༢ པའི་ ལས་འགུལ་གྱི་དོན་ལུ་ གཞི་རྟེན་འཆར་གཞི་དང་ བཟོ་གྲྭ་འཕྲུལ་ཁང་དང་གཅིག་ཁར་ གྲོས་བསྟུན་འབད་ནི་མ་གཏོགས་ བཟོ་སྐྲུན་འབད་མི་ཚུགསཔ་་འོང་ཟེར་ བརྒྱུད་འབྲེལ་བློན་པོ་གིས་ གསུངས་ཡི།
སྤྱི་ལོ་༢༠༡༦ ལས་འགོ་བཙུགས་ཏེ་ བརྡ་དོན་དང་ འཕྲུལ་རིག་ཚད་འཛིན་གྱིས་ ན་གཞོན་༧༠༠ དེ་ཅིག་ལུ་ ལཱ་གཡོག་སྤྲོད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *