བརྡ་དོན་གསང་ནི་མེན་པར་ མི་མང་ལུ་ སྤེལ་དགོཔ།

༉ ཁ་ཙ་དྲོ་པར་ ཀུན་གསལ་གསར་ཤོག་ནང་ མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་དང་ རྫོང་ཁག་ཁྲིམས་འདུན་གྱི་ དྲང་དཔོན་འཛིན་བཟུང་འབད་མིའི་སྐོར་ལས་ གནས་ཚུལ་ཐོནམ་ད་ མི་མང་ཤོས་ཅིག་ལུ་ བདེན་འཛིན་རེ་མ་ཚུགས་པའི་ གནད་དོན་ཅིག་ལུ་གྱུར་ནུག།

འདི་འབདཝ་ལས་ ཀུན་གསལ་གསར་ཤོག་ལྷག་མི་དང་ མི་སྡེ་བརྡ་བརྒྱུད་ལག་ལེན་འཐབ་མི་ ལེ་ཤ་ཅིག་ར་ རྣམ་རྟོང་ལང་སྟེ་ གནས་ཚུལ་རྩོམ་སྒྲིགཔ་དང་ ལྟ་ལྟོ་ཚང་ཚུ་ གནས་ཚུལ་དེ་ བདེན་པ་ག་དེ་སྦེ་ཡོདཔ་ཨིན་ན་ཟེར་ བརྒྱུད་འཕྲིན་གཅིག་ཤུལ་གཉིས་བཏང་སྟེ་ བདེན་དཔྱད་འབད་མི་དེ་ཡང་ ད་ལྟོ་ ཕྱག་ཞུ་བའི་བསྒང་ཡོད་མི་ དྲང་དཔོན་ཚུ་ གྱོས་ངན་བརྩམ་ནི་དང་ ཉེས་ལས་ནང་ གྲལ་གཏོགས་འབད་བའི་ རྩོད་དོན་ ད་ཚུན་གྱི་བར་ན་ མ་ཐོན་ནི་དེ་གིས་ཨིན་མས།

ཨིན་རུང་ དྲང་དཔོན་༢ དང་ སྐུ་སྲུང་དམག་སྡེའི་ བཀོད་དཔོན་བགྲེསཔ་ལུ་ འབྲུག་གི་བསྟན་སྲུང་དམག་སྡེའི་ གཙོ་འཛིན་དེ་ ངན་ལྷད་དང་འབྲེལ་བའི་ ཉེས་འཛུགས་ཐོག་ བཏོན་གཏང་ནིའི་ གྱོས་ངན་བརྩམས་ཡོད་པའི་ དོགས་པ་ལུ་བརྟེན་ ཁྲིམས་སྲུང་འགག་སྡེའི་ དོ་དམ་འོག་ལུ་བཙུགས་ཡོདཔ་ འོང་ནི་ཨིན་པའི་ གནས་ཚུལ་ཕྱམ་ཕྱིམ་ གོ་བའི་ཤུལ་ལས་ རྣམ་རྟོག་ལང་མི་ཚུ་གིས་ བདེན་འཛིན་རེ་ནི་ འགོ་བཙུགསཔ་དང་འབྲེལ་ བརྡ་བརྒྱུད་ལས་ ཁོང་གི་ཉེས་འཛུགས་དང་ བྱ་ངན་བརྩམས་མི་ཚུ་གི་སྐོར་ ཁ་གསལ་ཤེས་འདོད་བསྐྱེདཔ་ཨིན་མས།

དེ་འབདཝ་ད་ ཁ་རྩ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ འགོ་དཔོན་༣ ཉེས་བཤེར་གྱི་དོན་ལུ་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ བསྐྱལ་ཡོད་རུང་ བརྡ་བརྒྱུདཔ་ལུ་ ནང་ན་འཛུལ་ནི་ཕར་བཞག་ ཁྲིམས་འདུན་གྱི་ཕྱི་ཁར་ པར་བཏབ་ནི་ལུ་ཡང་ བཀག་འཛིན་འབད་ནུག།

མ་གཞི་ རྩོད་དོན་དེ་ ཆེ་མཐོའི་གནས་རིམ་དང་ ཚོར་སྣང་དྲག་པོའི་ གནད་དོན་ཅིག་ཨིནམ་ བརྡ་བརྒྱུད་ལུ་ ཤེས་རྟོག་ཡོད་རུང་ རྩོད་བཤེར་ལ་ལོ་ཅིག་ནང་ བརྡ་བརྒྱུད་ལུ་ གནས་ཚུལ་བསྡུ་འགོད་འབད་བཅུགཔ་ད་ རྣམ་དག་ཅིག་ མི་མཐོངམ་མས།

དེ་བཟུམ་སྦེ་ ཐིམ་ཕུག་ལུ་ ལས་སྡེ་ཅིག་གིས་ ཀེ་ཧང་ལས་བཏོན་མི་ ཁུ་བ་ཚོང་འབྲེལ་འཐབ་མི་དེ་ ཁྲིམས་མཐུན་ཨིན་ན་ ཚུལ་མིན་ཨིན་ན་ དོགས་སེལ་གྱི་དོན་ལུ་ འབྲེལ་ཡོད་དབང་འཛིན་དང་ འབྲེལ་བ་འཐབ་པའི་སྐབས་ལུ་ཡང་ འབད་ཆོག་མི་ཆོག་སྐོར་ སླབ་ནིའི་ཚབ་ལུ་ གནས་ཚུལ་བྲིས་སྤེལ་འབད་ནི་འོང་ཟེར་ སླབ་མི་ལུ་བལྟ་བ་ཅིན་ མི་མང་ལུ་ བརྡ་སྤེལ་ནི་མེན་པར་ མི་རེ་གཉིས་ལུ་ ཉེས་ལས་འཐབ་བཅུག་ནི་ལུ་ ལྷན་ཐབས་འབད་དོ་བཟུམ་མའི་ མཐོང་སྣང་བྱུངམ་མས།

བརྡ་བརྒྱུད་ཀྱི་ འགན་ཁུར་དེ་ རང་གི་དོན་ལུ་མེན་པར་ མི་སེར་ལུ་ བརྡ་སྤེལ་ནི་དེ་ཨིན་རུང་ དབང་འཛིན་དང་ འགོ་དཔོན་ལ་ལོ་གིས་ གནས་ཚུལ་གྱི་ ཐོབ་དབང་སྤྱོད་ནི་གི་ གོ་སྐབས་མ་བྱིན་མི་དེ་ མི་མང་གི་ མཐའ་དོན་ལུ་མེན་པར་ རང་གི་གོ་གནས་དང་ ལཱ་གཡོག་ཉེན་སྐྱོབ་འབད་དེ་ འབྲུག་གི་རྩ་ཁྲིམས་ཆེན་མོ་ལུ་ མ་གུས་པའི་ བརྡ་མཚོན་སྟོནམ་མས།

རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལཝ་ད་ བརྡ་བརྒྱུད་གསར་ཤོག་དང་ རྒྱང་བསྒྲགས་ རྒྱང་མཐོང་ འཕྲུལ་རིག་བརྩིས་པའི་ གནས་ཚུལ་གཞན་ཁྱབ་སྤེལ་ནིའི་ དལ་དབང་ཡོད་པའི་ཁར་ འབྲུག་པའི་མི་སེར་ཅིག་ལུ་ གནས་ཚུལ་གྱི་ ཐོབ་དབང་གནང་སྟེ་ཡོདཔ་ཨིན།

འདི་འབདཝ་ལས་ གནས་ཚུལ་གྱི་ ཐོབ་དབང་འདི་ བརྡ་བརྒྱུད་ཀྱིས་ ཁྱབ་སྤེལ་མ་འབད་བ་ཅིན་ མི་སེར་གྱིས་ བརྡ་དོན་འཐོབ་མི་ཚུགས་ནི་ཨིནམ་ལས་ ལྷག་པར་དུ་ ངན་ལྷད་དང་ ཚུལ་མིན་ལག་ལེན་ མ་དངུལ་ལོག་སྤྱོད་ལ་སོགས་པའི་ བྱ་ངན་འཐབ་མི་མངམ་འཐོན་འོང་།

དམངས་གཙོའི་རིང་ལུགས་ནང་ བརྡ་བརྒྱུད་ཀྱི་ དལ་དབང་དང་ ཐོབ་དབང་ལུ་ བརྩི་མཐོང་མ་བསྐྱེད་པ་ཅིན་ སྲིད་དོན་པ་ཚུ་གིས་ དགག་བཤེར་དང་ ཚད་མཉམ་མེད་མི་ལུ་ གོ་སྐབས་ལེན་ཐོག་ལས་ ག་དགའཝ་འབད་ནི་དང་ མི་མང་གིས་འབད་རུང་ རྒྱལ་ཁབ་ཀྱི་ མཐའ་དོན་དང་ ཉེན་སྲུང་གི་ གནད་དོན་ཚུ་ ཤེས་རྟོགས་འབྱུང་མི་ཚུགས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *