བརྟག་ཞིབ་སྙན་ཞུ་ ཕྱི་འགྱུར་འབད་ནི་ལས་ འཛེམ་དགོཔ།

༉ རྒྱལ་ཁབ་ནང་ ཚད་འཛིན་ཅན་གྱི་ སྨྱོ་རྫས་ཀྱི་རིགས་ཚུ་ ཁྱབ་ཤུགས་ཆེ་དྲགས་སྦེ་ ལག་ལེན་འཐབ་མི་དེ་ རྒྱལ་ཡོངས་ཀྱི་ གནད་དོན་ཅིག་ལུ་ གྱུར་ཡོདཔ་མ་ཚད་ བཀག་འཛིན་འབད་མི་ ཏམ་ཁུའི་ཐོན་སྐྱེད་ཚུ་ཡང་ གསང་བའི་ཐོག་ལས་ ཚུལ་མིན་ཚོང་སྒྱུར་འཐབ་མི་ལུ་བརྟེན་ ཁྲིམས་བསྟར་སྤྱོད་འབད་མི་ཚུ་གིས་ བདའ་ཟུན་ཚུགས་པར་ ལཱ་ཁག་རྐྱབ་ཨིན་མས།
དེ་དང་བསྟུན་ འཕྲལ་ཁམས་ཅིག་ཁར་ གནས་སྟངས་ངོ་མའི་ཚད་གཞི་ གསལ་སྟོན་འབད་མི་ལུ་ རྩོད་རྙོགས་བྱུང་བའི་སྐབས་ ང་བཅས་ཀྱིས་ འབྲུག་གི་ དགའ་སྐྱིད་གནས་ཚད་སྐོར་ལས་ བརྟག་ཞིབ་ཐོག་ གསལ་བཀོད་འབད་མི་ གཙུག་སྡེ་དེ་ལུ་ དྲི་ཞིབ་འབད་བའི་ཁར་ ཐ་ན་ ལས་གཡོག་ལྷན་ཁག་གིས་ ལས་མིའི་གནས་སྟངས་ཀྱི་ བརྟག་ཞིབ་འགོ་འདྲེན་འཐབ་ནི་ལུ་ རང་སོའི་ཐབས་ལམ་ མ་འདྲཝ་ཡོད་པའི་ རྒྱབ་ཁུངས་གསལ་བཀོད་དང་ རྩོད་བསྡུར་ཚུ་འབད་ཡི།
དེ་བཟུམ་སྦེ་ ད་རེས་ འབྲུག་སེམས་ཁམས་འཁྲུགས་རྫས་དང་ཚད་འཛིན་དབང་འཛིན་གྱིས་ཡང་ ཁས་ལེན་མེད་པའི་ ཡི་གུ་ཅིག་བཏང་ཡོདཔ་ད་ དེ་ཡང་ གསོ་བའི་བརྟག་ཞིབ་སྙན་ཞུ་ནང་ ཏམ་ཁུ་ལག་ལེན་འཐབ་མི་ བརྒྱ་ཆ་༢༩ དང་ ཀེ་ཧང་ལག་ལེན་འཐབ་མི་ བརྒྱ་ཆ་༡༢ གསལ་བཀོད་འབད་མི་དེ་ལུ་ བདེན་ཁུངས་མེད་མི་དེ་ཡང་ སྐབས་ཐེངས་གཅིག་གི་ ལག་ལེན་མ་གཏོགས་ དུས་རྒྱུན་དུ་ ལག་ལེན་འཐབ་མིའི་གྲངས་སུ་ མ་ཚུདཔ་ཨིན་མས།
ངོ་མ་འབད་བ་ཅིན་ སློབ་གྲྭ་ཚུ་ནང་ ཏམ་ཁུ་ལག་ལེན་འཐབ་མི་ ཚད་གཞི་དེ་ བརྒྱ་ཆ་༦.༦ དང་ ཀེ་ཧང་ལག་ལེན་འཐབ་མི་ བརྒྱ་ཆ་༢ ལས་བརྒལ་མེད་པའི་ མངོན་གསལ་བྱུང་ནུག།
མི་མང་གི་ས་ཁོངས་ནང་ འདི་བཟུམ་མའི་ གནད་དོན་ཐོག་ལུ་ ཚ་གྱང་ལང་ནི་དང་ དོགས་སེལ་འབད་ནི་དེ་ གལ་ཆེ་དྲགས་ཅིག་ཨིནམ་ད་ དེ་ཡང་ ག་འཆརཔ་ཟེར་བ་ཅིན་ སྨྱོ་རྫས་ཀྱི་རིགས་ཚུ་ ཚད་འཛིན་འབད་ནི་ལུ་ འགན་ཁུར་ངོ་མ་ཕོག་མི་ དབང་འཛིན་གྱིས་ ཏམ་ཁུ་དང་ ཀེ་ཧང་ལག་ལེན་འཐབ་མིའི་ ཚད་གཞི་དེ་ ཉུང་སུ་ཅིག་ལས་མེད་པའི་ སྙན་ཞུ་འབད་མི་དང་ རྒྱབ་འགལ་འགྱོ་ནི་དེ་གིས་ཨིན།
འབྲུག་སེམས་ཁམས་འཁྲུགས་རྫས་དང་ཚད་འཛིན་དབང་འཛིན་གྱིས་ སློབ་གྲྭ་ཁག་ཚུ་ནང་ ཏམ་ཁུ་དང་ ཀེ་ཧང་ལག་ལེན་འཐབ་མིའི་ གནད་དོན་ཐོག་ བརྟག་ཞིབ་འགོ་འདྲེན་འཐབ་ཡོད་རུང་ ད་ལྟོ་ཚུན་ ངོས་འཛིན་བྱུང་མི་ གྲུབ་འབྲས་ཚུ་ ཡིག་ཐོག་ལུ་ བཀོད་ཡོདཔ་མ་གཏོགས་ སྙན་ཞུ་སྦེ་ གསར་བཏོན་མ་འབད་བར་ ཡོདཔ་ཨིན་མས།
མ་གཞི་ གཅིག་ལས་བལྟ་བ་ཅིན་ ངོ་ཚབ་ལས་སྡེ་ ག་ར་འབད་རུང་ ཏམ་ཁུ་དང་ སྨྱོ་རྫས་ཀྱི་རིགས་ཚུ་ ཚད་འཛིན་དང་ བཀག་དམ་འབད་ནི་ལུ་ རྒྱབ་སྐྱོར་དང་ ལྷན་ཐབས་དམིགས་གཏད་བསྐྱེད་ནི་མ་གཏོགས་ མི་མང་ལུ་ ཕན་གནད་ཆེ་བའི་ བརྡ་དོན་ཚུ་ ཚད་འཛིན་འབད་དགོ་པའི་ གནད་ཁུངས་ཅིག་ཡང་ མིན་འདུག་ཟེར་ མནོཝ་ཨིན་མས།
དེ་འབདཝ་ལས་ ང་བཅས་རའི་ གཙུག་སྡེ་ཚུ་གིས་ རང་སོའི་ རྒྱབ་སྲུང་འབད་སྡོད་ནི་དང་ ཆ་བཞག་ཁས་ལེན་མེད་པར་ སྡོད་ནི་དེ་ཡང་ འོས་འབབ་ཅིག་མེདཔ་ད་ གཙོ་བོ་ ག་ཅི་འབད་དགོཔ་སྨོ་ཟེར་བ་ཅིན་ སྨྱོ་རྫས་ལུ་བརྟེན་ ང་བཅས་རའི་ རྒྱལ་ཁབ་ཀྱི་ ན་གཞོན་ཚུ་གི་ ཚེ་སྲོག་བྱང་མི་དེ་ལུ་ ཆ་མཉམ་གྱིས་ སེམས་ཁར་བཞག་སྟེ་ གཅིག་སྒྲིལ་དང་ མཉམ་རུབ་ཐོག་ལས་ ལཱ་འབད་ནི་དང་ དཀའ་ངལ་སེལ་ཐབས་ཀྱི་ གདོང་ལེན་དང་ ཐབས་བྱུས་ཚུ་ ངེས་པར་དུ་ བཏོན་དགོཔ་འདུག་ཟེར་ ཞུ་ནི་ཨིན།

About admin

Check Also

རྒྱལ་ཡོངས་ལུ་ གདམ་ཁ་རྐྱབ་དགོཔ།

༉ ད་འབདན་ ན་འཐན་ར་སྦོ་ལོགས་ཁར་ ལྷོད་དོ་ཡོད་མི་ འབྲུག་གི་སྤྱི་མཐུན་གྱི་གྲུབ་འབྲས་ འཐོན་ནི་དེ་ ཧ་ལམ་རན་དོ་ཡོདཔ་ལས་ ག་ར་གིས་ སེམས་ཁར་ཚ་གྱང་འབག་དོ་ཡོདཔ་འོང་། རྒྱལ་ཁབ་ནང་ དབང་ཚད་ཕྱིར་སྤེལ་གྱི་ ལམ་ལུགས་འགོ་བཙུགས་ཏེ་ ལོ་ངོ་བཅུ་ཕྲག་ལྷག་པའི་བསྒང་ལས་ དམངས་གཙོའི་རིང་ལུགས་ནང་ ལཱ་ཚུ་ག་དེ་སྦེ་ར་ …

Leave a Reply

Your email address will not be published. Required fields are marked *