བརྟག་དཔྱད་འཕྲུལ་ཆས་གསརཔ་གིས་ ཨའི་དང་ཨ་ལོའི་གསོ་བའི་འཕྲོད་བསྟེན་ ཡར་དྲག་གཏང་ནི་ལུ་ཕན་ཁྱད་འབྱུང་ནི།

༉ འཕྲལ་ཁམས་ཅིག་ཁར་ ཨའི་གི་ཕོཝ་ནང་ཡོད་མི་ ཨ་ལོའི་དོན་ཧིང་ བརྟག་དཔྱད་འབད་མི་འཕྲུལ་ཆས་ ཕར་ཚུར་འབག་བཏུབ་མི་ ཨའི་སི་ཊི་ཇི་ འགོ་འབྱེད་འབད་མི་དེ་གིས་ ཨའི་དང་ཨ་ལོའི་འཕྲོད་བསྟེན་ ཡར་དྲག་གཏང་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།

རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ལྟེ་བ་༥༥ ལུ་ བཀྲམ་སྤེལ་འབད་ནི་ཨིན་མི་ ཨའི་སི་ཊི་ཇི་བརྟག་དཔྱད་འཕྲུལ་ཆས་ཚུ་ཡང་ སྤྱི་ཟླ་༦ པའི་ཚེས་༤ ལུ་ མི་དབང་རྒྱལ་བཙུན་རྗེ་བཙུན་པདྨ་དབང་ཕྱུག་མཆོག་ དགུང་ལོ་༣༡ བཞེས་པའི་ འཁྲུངས་སྟོན་བརྩི་སྲུང་ཞུཝ་དང་འབྲེལ་ མོང་སྒར་ཤར་ཕྱོགས་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་སྦེ་ གསོ་བའི་དྲུང་ཆེན་ ཌོག་ཊར་པཱན་གྲུབ་ཚེ་རིང་གིས་ འགོ་འབྱེད་འབད་ཡི།

འཕྲུལ་ཆས་ཚུ་ཡང་ གསོ་བ་ལྷན་ཁག་གིས་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་དང་ ཇའི་ཀ་ལས་འགུལ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ མཁོ་སྒྲུབ་འབད་ཡོདཔ་ཨིན་པས།

ཨའི་སི་ཊི་ཇི་འཕྲུལ་ཆས་དེ་ ད་ལྟོ་ གསོ་བའི་ལྟེ་བ་ཚུ་ནང་ཡོད་པའི་ ཨའི་གི་ཕོཝ་ནང་ཡོད་པའི་ ཨ་ལུའི་གནས་སྟངས་ལྟ་རྟོག་འབད་མི་ སི་ཊི་ཇི་འཕྲུལ་ཆས་ཀྱི་ཚབ་མ་སྦེ་ ལཱ་འབད་ནི་ཨིན་རུང་ འཕྲུལ་ཆས་དེ་ གློག་རིག་ཡོངས་འབྲེལ་ཐོག་ལུ་ ལཱ་འབད་དོ་ཡོདཔ་ལས་ གྲུབ་འབྲས་ཚུ་ དེ་འཕྲོ་ལས་ གསལ་སྟོན་འབད་དེ་ ཉེན་ཁ་ཅན་གྱི་གནད་དོན་ཚུ་ སྨན་ཁང་ཆེ་བ་ཚུ་ནང་ ཐད་ཀར་དུ་བཏང་སྟེ་ སྲོག་སྐྱབས་འབད་ཚུགས་པའི་ ཁེ་ཕན་ཡོདཔ་ཨིན་པས།

དེ་མ་ཚད་ གསོ་བའི་འགོ་དཔོན་ཚུ་དང་འཁྲིལཝ་ད་ འཕྲུལ་རིག་དེ་གིས་ ཨ་ལོ་སྐྱེ་ནི་ཡོད་མི་ ཨམ་སྲུ་ཚུ་གིས་ དོན་དག་ཡོད་རུང་མེད་རུང་ སྨན་ཁང་ཚུ་ནང་འགྱོ་མི་དེ་ བཀག་ཚུགས་མི་དེ་གིས་ ད་རེས་ ནད་ཡམས་ཀྱི་ནད་སྟངས་ནང་ ཧེང་སྐལ་ར་ ནདཔ་དང་གསོ་བའི་ལས་བྱེདཔ་ཚུ་གི་བར་ན་ འབྲེལ་བ་འཐབ་མ་དགོ་པར་ ནད་འབུ་ནི་ལས་འཛེམ་ཚུགས་པའི་ ཁེ་ཕན་ཡོད་ཟེར་ཨིན་པས།

བརྟག་དཔྱད་འཕྲུལ་ཐོབ་མི་ གསོ་བའི་ཞབས་ཏོག་ལྟེ་བ་ཚུ་གིས་ སྙན་ཞུ་ཚུ་ཡང་ སྐྱེ་གནས་རིག་པའི་ཞབས་ཏོག་ཚུ་ཡོད་པའི་ དགེ་ལེགས་ཕུག་དབུས་ཕྱོགས་གཙོ་བསྟན་སྨན་ཁང་དང་ དབང་འདུས་སྨན་ཁང་ མོང་སྒར་ཤར་ཕྱོགས་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ བཀྲ་ཤིས་སྒང་སྨན་ཁང་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ ཕུན་ཚོགས་གླིང་སྨན་ཁང་ དེ་ལས་ བསམ་རྩེ་སྨན་ཁང་ཚུ་ནང་ གཏང་ནི་ཨིན་པས།

ཞབས་ཏོག་དེ་གིས་ ལོ་རེ་ནང་ ཨ་ལོ་སྐྱེ་ནི་ཡོད་མི་ཨམ་སྲུ་༡༠,༠༠༠ ལྷགཔ་ཅིག་ ཐོ་བཀོད་འབད་མི་ལས་ ཨམ་སྲུ་༥,༠༠༠ དེ་ཅིག་ལུ་ ཕན་ཐོགས་ནི་ཨིན་པས།

འཕྲུལ་ཆས་འགོ་འབྱེད་དང་ རྩིས་སྤྲོད་ལེན་ལས་རིམ་ནང་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་དང་ ཇའི་ཀ་ དེ་ལས་ འབྲུག་ལུ་ ཇ་པཱན་གཞུང་ཚབ་ཡིག་ཚང་གིས་ ཡོངས་འབྲེལ་ཐོག་ལས་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *