བརྟག་དཔྱད་གྲུབ་འབྲས་དང་བསྟུན་པའི་ ངོས་ལེན་གཅིག་མཚུངས་འབད་དགོཔ།

༉ འཕྲལ་ཁམས་ཅིག་ཁར་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཞི་གཡོག་ནང་ འཛུལ་མི་དང་ ཞི་གཡོགཔ་ཆ་མཉམ་ར་ སྨྱོ་རྫས་ལོག་སྤྱོད་འབད་མ་འབད་ཀྱི་ བརྟག་དཔྱད་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་མི་དེ་ ཐབས་བྱུས་ལེགས་ཤོམ་ཅིག་ཨིན་མས།
དེ་ཡང་ སང་ཕོད་ལས་འགོ་བཙུགས་ཏེ་ ལྷན་ཚོགས་ཀྱིས་ ཞི་གཡོག་ནང་ གསར་བཙུགས་མ་འབད་བའི་ཧེ་མར་ ཆ་མཉམ་ར་ བཀག་འཛིན་ཅན་གྱི་ སྨྱོ་རྫས་ཀྱི་རིགས་ཚུ་ ལོག་སྤྱོད་འབད་མ་འབད་ཀྱི་ བརྟག་དཔྱད་འབད་ནི་ཨིནམ་མ་ཚད་ ཤེས་ཚད་རྒྱ་བསྐྱེད་འབད་ནིའི་དོན་ལུ་ ཤེས་ཡོན་སྦྱང་པར་འགྱོ་མི་ ཞི་གཡོགཔ་ཚུ་ཡང་ ངེས་པར་དུ་ བརྟག་དཔྱད་འབད་ནིའི་ འོས་འབབ་ལྟ་དོ་ཡོདཔ་ཨིན་མས།
རྒྱལ་ཁབ་ནང་ སྨྱོ་རྫས་ལོག་སྤྱོད་འབད་མིའི་གནད་དོན་ ཡར་སེང་འགྱོ་མི་དང་བསྟུན་ ལྷན་ཚོགས་ཀྱིས་ འདི་བཟུམ་མའི་ ཕན་གནད་ཆེ་བའི་ ཐབས་བྱུས་བཏོན་མི་དེ་ དུས་མཐུན་ཅིག་ཨིན་མས།
ཁྲིམས་བསྟར་སྤྱོད་འབད་མི་ཚུ་ སྨྱོ་རྫས་བཀྲམ་སྤེལ་བཀག་ཐབས་ལུ་ གདོང་ལེན་བྱུང་བའི་ ནམ་དུས་ལུ་ ལྷན་ཚོགས་ཀྱིས་ མཁོ་འདོད་མར་ཕབ་འབད་ནིའི་ ཐབས་ལམ་བཏོན་གནང་མི་དེ་ དཔེ་སྟོན་ཅིག་ཨིན་མས།
མ་གཞི་ གཙུག་སྡེ་ཚུ་གིས་ ཞི་གཡོག་ལྷན་ཚོགས་ཀྱི་ ཁྲིམས་ལུགས་དེ་ལུ་ ངོས་ལེན་འབད་དོ་ཡོདཔ་ཨིན་རུང་ ཚུལ་མཐུན་ལྟ་རྟོག་འབད་ནི་དེ་ཡང་ གལ་ཆེ་དྲགས་ཅིག་ཨིན་མས།
འཕྲལ་ཁམས་ཅིག་ཁར་ གནམ་གྲུ་ནང་ལཱ་འབད་མི་ ལས་བྱེདཔ་དག་པ་ཅིག་གིས་ སྨྱོ་རྫས་སྤྱོད་ཡོད་པའི་ བརྟག་དཔྱད་གྲུབ་འབྲས་གསལ་སྟོན་བྱུང་མི་ལུ་ལྟཝ་ད་ མི་མང་གིས་ སྨྱོ་རྫས་བཀག་དམ་འབད་མི་ གཙུག་སྡེ་ཚུ་ལུ་ བློ་གཏད་ཡིད་ཆེས་ མེདཔ་ཐལ་ནུག།
ཁྲིམས་འདུན་གྱིས་འབད་རུང་ གནད་དོན་གྱི་ གལ་ཆེ་ཧིང་ལུ་མ་ལྟ་བར་ སེམས་ཁམས་འཁྲུགས་རྫས་དང་ རྫས་རིགས་ལོག་སྤྱོད་ཀྱི་བཅའ་ཁྲིམས་༢༠༡༥ ཅན་མ་དེ་ བསྒྱུར་བཅོས་འབད་ནི་ལུ་ དོགས་ཟོན་བསྐྱེད་དེ་ དུས་ཚོད་མ་ཁོམས་པའི་ རྒྱུ་མཚན་བཀོད་ནི་དེ་གིས་ཨིན་མས།
ང་བཅས་རའི་ ན་གཞོན་དང་ སྤྱིར་བཏང་མི་མང་གིས་ སྨྱོ་རྫས་ལོག་སྤྱོད་ནང་ འབྲེལ་གཏོགས་ཀྱི་ དཀའ་ངལ་སེལ་ཐབས་དོན་ལུ་ སྲིད་དོན་དང་ ཁྲིམས་བཟོ་ དེ་ལས་ དངུལ་འབྲེལ་གྱི་ དབང་ཚད་ལས་ལྷགཔ་སྦེ་ དགོཔ་འདུག་ཟེར་མནོཝ་ཨིན་མས།
འབྲུག་སྨྱོ་རྫས་ཚད་འཛིན་དབང་འཛིན་གྱིས་ བརྡ་བརྒྱུད་ནང་ དབང་འཛིན་ལུ་ དྲི་བཀོད་འབདཝ་ད་ སྨྱོ་རྫས་སྤྱོད་པའི་ བརྟག་དཔྱད་གྲུབ་འབྲས་ཐོན་མི་ཚུ་ གསལ་སྟོན་འབད་ནི་ལུ་ དོགས་ཟོན་བསྐྱེད་དོ་ཡོདཔ་ད་ རྒྱལ་ཡོངས་ཀྱི་ དཀའ་ངལ་སེལ་ཐབས་འབད་མི་ དོ་འགྲན་ཅན་གྱི་ དབང་འཛིན་ཅིག་འབདཝ་ད་ གལ་སྲིད་ ཉེན་ཁ་ཡོད་དེ་འབད་རུང་ རང་སོའི་ འགན་འཁྲི་འབག་ནི་ལུ་ གཙོ་བོར་བཏོན་དགོཔ་འདུག།
འཕྲལ་ཁམས་ཅིག་ཁར་ ཞི་གཡོགཔ་བརྩིས་ཏེ་ སློབ་གཉེར་གྲོགས་རམ་ཐོབ་མི་ དག་པ་ཅིག་ སྨྱོ་རྫས་སྤྱོད་ཡོད་པའི་ བརྟག་དཔྱད་གྲུབ་འབྲས་ཐོན་མི་ལུ་བརྟེན་ གོ་སྐབས་བྱང་བའི་ འཐོར་གཏམ་བྱུང་ཡོདཔ་ད་ ཨིན་རུང་ གནམ་གྲུའི་ལས་བྱེདཔ་ཚུ་གི་ཐད་ཁར་ ངོས་ལེན་ཡངས་སུ་ཅིག་ཨིནམ་ལས་ ཁྱད་པར་ཆགས་ནུག།
སྨྱོ་རྫས་ལོག་སྤྱོད་འབད་མི་ ཞི་གཡོགཔ་ཚུ་གིས་ རང་སའི་ འགན་ཁུར་དང་བསྟུན་པའི་ ཞབས་ཏོག་མཁོ་སྤྲོད་འབདཝ་ད་ ཉེན་ཁ་ག་དེམ་ཅིག་ཡོདཔ་ཨིན་ན་ ཞིབ་དཔྱད་མཐིལ་ཕྱིན་འབད་དགོཔ་ལས་ ལྷན་ཚོགས་ཀྱིས་འབད་རུང་ ད་ལས་ཕར་ ཚོད་དཔག་ཐོག་ལུ་ གྲོས་ཐག་བཅད་ནི་དེ་ དབྱེ་དཔྱད་འབད་དགོཔ་འདུག།
ཨིན་རུང་ ད་ལྟོ་ འགོ་བཙུགསཔ་ཅིག་འབད་ནི་དེ་གིས་ ད་ལས་ཕར་ མི་མང་གི་གཙུག་སྡེ་ གཞན་ཚུ་གིས་ཡང་ ངོས་ལེན་གཅིག་མཚུངས་དང་ ལག་ལེན་དམ་སྒྲིང་འཐབ་ནི་ལུ་ མཉམ་འབྲེལ་འབད་བའི་ རེ་འདུན་ཡོད་ཟེར་ ཞུ་ནི་ཨིན།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *