ན་ཧིང་ སྤྱི་ཟླ་༡༡ པའི་ནང་ལས་ མེདཔ་ཐལ་ཡོད་པའི་ བར་སྦིས་ས་འཁོར་ལམ།

བར་སྦིས་ས་ལུ་ འཁོར་ལམ་མེདཔ་ཐལ་མི་དེ་ སྤྱི་ཟླ་༦ པའི་ནང་འཁོད་ལུ་ མཇུག་བསྡུ་ཚུགསཔ་འབད་ནི།

༉ ཐིམ་ཕུག་ཁྲོམ་སྡེའི་ བཟོ་རིག་འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཐིམ་ཕུག་ཨོ་ལ་ཁ་ སྣུམ་འཁོར་བཅོ་ཁང་གི་ལྟག་ལས་ ཌཱན་ཊག་ས་ཁོངས་ནང་འགྱོ་སའི་ སྣུམ་འཁོར་ལམ་མེདཔ་ཐལ་མི་དེ་ དུས་ཅི་ ལོ་ཕྱེད་དེ་ཅིག་ཁར་ མཇུག་བསྡུ་ཚུགས་པའི་རེ་བ་ བསྐྱེདཔ་ཨིན་པས།
སྣུམ་འཁོར་ལམ་མི་ཊར་༢༠ དེ་ཅིག་ནང་ ཆུ་གཡུར་གག་གྲམ་ཤོར་མི་ལུ་བརྟེན་ སྣུམ་འཁོར་ཚུ་ ན་ཧིང་སྤྱི་ཟླ་༡༡ པའི་ཚེས་༢༢ ལས་ རྒྱུན་འགྲུལ་འཐབ་ནི་ བཀག་ཆ་འབད་ཡོདཔ་ཨིན་པས།
ཐིམ་ཕུག་ཁྲོམ་སྡེ་གི་ བཟོ་རིག་སྤྱི་ཁྱབ་ ཀརྨ་རྒྱ་མཚོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལམ་མེདཔ་ཐལ་མི་དེ་ ལོག་བཟོ་བཀོད་འབད་ཞིནམ་ལས་ ལམ་འོག་ལས་ ལྕགས་བཙུགས་ཏེ་ རྩིག་གྱང་མི་ཊར་༣ འབད་མི་ཅིག་ བཟོ་སྐྲུན་འབད་ནི་ཨིན་པས།
ཀརྨ་རྒྱ་མཚོ་གིས་འབད་བ་ཅིན་ ཁྲོམ་སྡེ་གི་ཁ་ཐུག་ལས་ ད་ལྟོ་ ལམ་གསརཔ་བཟོ་བཀོད་འབད་མི་དེ་གི་ ཆུ་གཡུར་ཚུ་ བཟོ་སྐྲུན་འབད་ནི་ཨིནམ་ལས་ མ་འོངས་པ་ལུ་ ད་རུང་ ཆུ་སིམ་ནིའི་དཀའ་ངལ་ཚུ་ མེདཔ་སྦེ་ བཟོ་ནི་ཟེར་ཨིན་པས།
ཁྲོམ་སྡེ་གིས་ གནམ་བྱཱར་གྱི་ ཆར་ཆུའི་དུས་ཚོད་ འགོ་མ་བཙུགས་པའི་ཧེ་མ་ལས་ ལཱ་མཇུག་བསྡུ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ ཀརྨ་རྒྱ་མཚོ་གིས་ བཤདཔ་ཨིན་པས།
ཆར་ཆུའི་དུས་ཚོད་ འགོ་མ་བཙུགསཔ་ལས་ རྩི་ནག་གཏང་ཚུགས་པ་ཅིན་ ཆུ་སིམ་ནིའི་ དཀའ་ངལ་མེད་རུང་ ཆར་ཆུ་འགོ་བཙུགས་ད་པ་ཅིན་ ད་རུང་ ལམ་བཟོ་སྐྲུན་འབད་མ་ཚརཝ་ལས་ ཆུ་སིམ་ནི་གི་ ཉེན་ཁ་ཡོད་ཟེར་ སླབ་ཨིན་པས།
ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་དང་གཅིག་ཁར་ འདས་པའི་དྲི་བ་དྲིས་ལན་འབད་བའི་སྐབས་ ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལམ་འོག་ལས་ཡོད་མི་ ཁྱིམ་ཚུ་ནང་ འཐུང་ཆུ་བཀྲམ་སྤེལ་འབད་ནིའི་དོན་ལུ་ གནས་སྐབས་ཅིག་ ཌཱན་ཊག་གི་ དམག་སྒར་ཉེ་འདབས་ལུ་ཡོད་མི་ ཆུ་མཛོད་ནང་ལས་ ཆུ་འཐེན་ཡོདཔ་ད་ ཐིམ་ཕུག་བརྡ་དོན་གླིང་ཁའི་དོན་ལུ་ ཐིམ་ཕུག་མཐོ་རིམ་སློབ་གྲྭ་ལས་ འཐེན་ཏེ་ཡོད་ཟེར་ཨིན་པས།
འཐུང་ཆུ་དེ་ སྔར་ག་ཨིནམ་སྦེ་ བཀྲམ་སྤེལ་འབད་ནིའི་དོན་ལུ་ ལམ་རྒྱུན་སྐྱོང་འཐབ་ནི་དེ་ མཇུག་བསྡུ་ཚརཝ་ད་རྐྱངམ་གཅིག་ འབད་ཚུགས་ནི་མས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཀུན་བཟང་སྒྲོལ་མ།

About admin

Check Also

ཆུ་འཛོམས་དང་ འཇིགས་མེད་ཆོས་གླིང་ལུ་ དངུལ་ཐོག་ཨ་ལཱན་ཅི་ཚུ་ལུ་ འབུབ་ཀྱིས་གནོད་སྐྱོན།

༉ གསར་སྤང་རྫོང་ཁག་ ཆུ་འཛོམས་དང་ འཇིགས་མེད་ཆོས་གླིང་རྒེད་འོག་༢ ཀྱི་ མི་སེར་ཚུ་གི་ དངུལ་ཐོག་གཙོ་ཅན་ཅིག་ཨིན་མི་ ཨ་ལཱན་ཅི་ཚུ་ལུ་ ངོས་འཛིན་འབད་མ་ཚུགས་པའི་ འབུབ་ཟུན་ཏེ་ཡོདཔ་ལས་ སོ་ནམ་པ་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ སོ་ནམ་རྒྱ་སྐྱེད་ཡིག་ཚང་ལུ་ སྙན་ཞུ་འབད་དེ་ ཉིནམ་དག་པ་ཅིག་ …

Leave a Reply

Your email address will not be published. Required fields are marked *