སྒེར་སའི་མགུ་ལས་ སྤྲིངས་ཏེ་ཡོད་མི་ གློག་ཐག་གསུམ་སྦྲེལ།

བར་ཤབས་མེད་པའི་ གློག་ཐག་ཚུ་གིས་ གསར་སྤང་གི་མི་སེར་ཚུ་ལུ་ ཉེན་ཁ་ཡོདཔ།

༉ གསར་སྤང་ ཆུ་གཟར་སྒང་རྒེད་འོག་གི་ སྒེར་སའི་མགུ་ལས་ གློག་ཐག་གསུམ་སྦྲེལ་སྦེ་ སྤྲིངས་ཡོད་མི་དེ་གིས་ རྒེད་འོག་དེ་ནང་གི་ མི་སེར་ཚུ་ལུ་ གནོད་པ་བྱུང་སྟེ་ཡོདཔ་ཨིན་པས།

རྒེད་འོག་གི་ ཁྱིམ་གུང་པ་༥༣ གྱི་ སྐམ་ཞིང་ཨེ་ཀར་༡༣ ནང་ གློག་ཐག་སྤྲིངས་ཡོད་མི་ལུ་བརྟེན་ ལོ་ཐོག་འཛུགས་སྐྱོང་ འབད་མ་བཅུག་པའི་ཁར་ གོང་འཕེལ་གྱི་གཞི་རྟེན་མཐུན་རྐྱེན་ཚུ་ཡང་ ག་ནི་ཡང་ བཙུགས་མ་བཅུག་པར་ བཞག་ཡོདཔ་ཨིན་ པས།

ཆུ་གཟར་སྒང་རྒཔོ་གིས་ འཕྲལ་ཁམས་ཅིག་ཁར་འཚོགས་མི་ རྫོང་ཁག་ཚོགས་འདུའི་སྐབས་ རྒེད་འོག་གིས་ སྤྱི་འོག་ག་ར་ལུ་ དེ་གིས་གནོད་པ་བྱུང་སྟེ་ཡོད་ཟེར་ འབྲུག་གློག་མེ་ལས་འཛིན་ལུ་ གློག་ཐག་ཚུ་ལུ་ བར་ཤབས་བཙུགས་དགོ་པའི་ ཞུ་བ་འབད་ ཡོདཔ་ཨིན་པས།

ཁོ་གིས་སླབ་མིའི་ནང་ སློབ་གྲྭའི་ལྟག་ལས་ གློག་ཐག་ཚུ་སྤྲིངས་ཡོད་མི་ཚུ་ མེདཔ་ཐལ་བ་ཅིན་ རྐྱེན་ངན་འབྱུང་ནིའི་ ཉེན་ཁ་སྦོམ་འདུག་ཟེར་ཨིནམ་ད་ དེ་གིས་ མི་དང་སྒོ་ནོར་སེམས་ཅན་གྱི་ ཚེ་སྲོག་ལུ་ ཉེན་ཁ་འདུག་ཟེར་ཨིན་པས།

མཐོང་རྒྱ་སྦིས་སྤྱི་འོག་ལས་ཨིན་མི་ པདྨ་དབང་གྲགས་ཀྱིས་ འདས་པའི་ལོ་༡༥ འི་རིང་ ས་ཆ་དེ་ནང་ ཁྱིམ་རྐྱབ་མ་བཅུག་ པའི་ཁར་ དངུལ་ཐོག་ཡང་ ག་ནི་ཡང་ བཙུགས་མ་བཅུག་པར་ བཞག་ཡོད་ཟེར་བཤད་ཡོདཔ་ད་ དཀའ་ངལ་དེ་ སྐལ་བགོ་ རྐྱབ་པའི་སྐབས་ དཀའ་ངལ་འདུག་ཟེར་ཨིན་པས།

རྒེད་འོག་ནང་ དགེ་ལེགས་ཕུག་-གསེར་གཞོང་-བར་གཤོང་-ཆུ་གཟར་སྒང་གི་དོན་ལུ་དང་ གཞན་མི་གློག་ཐག་དེ་ དགེ་ལེགས་ ཕུག་-གསེར་གཞོང་-ཆུ་གཟར་སྒང་-ཨུམ་གླིང་-རྟ་རེ་ཐང་གི་དོན་ལུ་ སྤྲིངས་མི་གཉིས་ཡོདཔ་ཨིན་པས།

ཤོང་སྤང་ཁ་རྒཔོ་ སུཀ་རྡོ་རྗེ་ཡོན་འཛོམས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ འབྲུག་གློག་མེ་ལས་འཛིན་གྱིས་ གློག་ཐག་ཚུ་གི་ ཉེ་འདབས་ཚུ་ཡང་ བསལ་དགོཔ་འདུག་ཟེར་ཨིནམ་ད་ གནད་དོན་དེའི་སྐོར་ལས་ ལས་འཛིན་དང་ ལམ་སེལ་ལས་ཁུངས་༢ ལུ་སླབ་ད་ རྒེད་འོག་བདག་སྐྱོང་གི་ འགན་ཁུར་ཨིན་ཟེར་ བཤད་ནི་འདུག་ཟེར་ཨིན་པས།

ས་གནས་གཞུང་གི་ འགོ་ཁྲིདཔ་གཞན་ཚུ་གིས་ཡང་ དེ་བཟུམ་མའི་ དཀའ་ངལ་དེ་ རྒེད་འོག་གཞན་ཚུ་ནང་ཡང་ ཐོན་ཏེ་ཡོད་ ཟེར་ཨིན་པས།

འབྲུག་གློག་མེ་ལས་འཛིན་གྱི་ བཟོ་རིག་པ་ ཕུན་ཚོགས་ཆོས་སྒྲོན་གྱིས་ གྲོང་གསེབ་ཚུ་ནང་ གློག་ཤུགས་ཉུང་ཤོས་ཡོད་མི་དེ་ ལག་ལེན་འཐབ་དོ་ཡོདཔ་ལས་ ཉེན་ཁ་དེ་ཅིག་ མི་འོང་ཟེར་ཨིནམ་ད་ སྲིད་བྱུས་དང་འཁྲིལཝ་ད་ ལག་ལེན་འཐབ་མི་ཚུ་གིས་ གློག་ཐག་གི་དོན་ལུ་ ས་ཁོངས་བཞག་དགོཔ་སྦེ་ ཡོད་ཟེར་ཨིན་པས།

མོ་གིས་བཤད་མིའི་ནང་ གློག་ཐག་དེ་ཚུ་ལུ་བརྟེན་ དཀའ་ངལ་ཚུ་ མཐོང་ཡོདཔ་ལས་ འཕྲུལ་རིག་གི་དབྱེ་ཞིབ་འབད་ནི་ འགོ་ བཙུགས་ཏེ་ཡོད་ཟེར་བཤད་ཡོདཔ་ད་ གློག་ཐག་ཚུ་ གོང་ཚད་མཐོ་སུ་ཡོདཔ་ལས་ འབད་ཐབས་མེད་ཟེར་ཨིནམ་ད་ ཀི་ལོ་མི་ཊར་༣ སྤྲིངས་ནིའི་དོན་ལུ་ར་ དངུལ་ཀྲམ་ས་ཡ་༣ དེ་ཅིག་ གནསཔ་ཨིན་ཟེར་ཨིན་པས།

ཨིན་རུང་ ཡིག་ཚང་གིས་ ཉེན་ཁ་ཆེ་སུ་ཡོད་མི་ཚུ་ ངོས་འཛིན་འབད་དེ་ ག་ཅི་འབད་དགོཔ་ཡོད་རུང་ འབད་འོང་ཟེར་ མོ་ གིས་སླབ་ཡོདཔ་ཨིན་པས།

གོང་འཕེལ་གསརཔ་དེ་ ཤུལ་མའི་ རྫོང་ཁག་ཚོགས་འདུའི་སྐབས་ གསལ་སྟོན་འབད་འོང་ཟེར་ མོ་གིས་བཤད་ཡོདཔ་ད་ རྒེད་ འོག་ནང་ མི་རློབས་༢༥༠༠ དེ་ཅིག་ཡོད་པའི་ཁར་ གློག་མེའི་ཁྱབ་ཚད་ཡང་ བརྒྱ་ཆ་༩༩.༥༠ ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *