བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་ བར་གཤོང་མི་སྡེ་སློབ་གྲྭ་ཆུང་བའི་ སློབ་དཔོན་༢ ཀྱིས་གཙོས་པའི་ སློབ་ཕྲུག་༧ དང་ ལྷན་བཞུགས།

བར་གཤོང་མི་སྡེ་སློབ་གྲྭ་ཆུང་བའི་ནང་ ཨ་ལོ་འཛུལ་ཞུགས་འབད་མི་མེདཔ།

༉ མ་གཞི་ རྒྱལ་ཁབ་ནང་འཁོད་ཀྱི་ རྒེད་འོག་ཁག་ལས་ཕར་ སློབ་གྲྭ་ཉུང་ཤོས་ར་༥ དང་༦ གི་བར་ན་ གཞི་བཙུགས་འབད་དེ་ཡོད་རུང་ ཐིམ་ཕུག་རྫོང་ཁག་ ནཱ་རོ་རྒེད་འོག་ལུ་ མི་སྡེ་སློབ་གྲྭ་ཆུང་བ་༡ ལས་བརྒལ་མེད་མི་དེ་ནང་ སློབ་ཕྲུག་དག་པ་ཅིན་མ་གཏོགས་མིན་འདུག།
བར་གཤོང་མི་སྡེ་སློབ་གྲྭ་ཆུང་བ་དེ་ སྤྱི་ལོ་༢༠༡༠ ལུ་ སློབ་ཕྲུག་༨ དང་བཅསཔ་སྦེ་ འགོ་བཙུགས་ཡོདཔ་ཨིན་རུང་ ལོ་ངོ་༧ གྱི་རྒྱབ་ལས་ སློབ་ཕྲུག་གི་ གྱངས་ཁ་དེ་ དེ་འཚམས་ཅིག་སྦེ་ར་སྡོད་ནུག།
ད་ལྟོ་ སློབ་གྲྭ་དེ་ནང་ སློབ་དཔོན་༢ ཀྱིས་ སློབ་ཕྲུག་༧ ལུ་ སློབ་སྟོན་འབད་མིའི་ ཆ་ཚད་དེ་ རྒྱལ་ཁབ་ནང་ མཐོ་ཤོས་ཅིག་ཨིན་པས།
འགོ་ཐོག་སྐབས་ རྒྱ་བསྐྱེད་སློབ་རིམ་ཁང་སྦེ་ གཞི་བཙུགས་འབད་དེ་ ལོ་༢ ཀྱི་ཤུལ་ལས་ མི་སྡེ་སློབ་གྲྭ་ཆུང་བ་ལུ་ ཡར་སེང་ཐོག་ མི་དབང་རྒྱལ་ཚབ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ སྒོ་འབྱེད་མཛད་གནང་ནུག།
དེ་ཡང་ ས་ཁ་མཐོ་སའི་ ཨ་ལོ་ཚུ་ ཉིན་ལམ་༢ ཀྱི་ས་ཁར་ གླིང་བཞི་རྒེད་འོག་ནང་ ཤེས་ཡོན་སྦྱང་པར་ འགྱོ་དགོཔ་ལས་ དཀའ་སྡུག་སྦོམ་བྱུང་མི་ལུ་བརྟེན་ ཕམ་ཚུ་གིས་ གཞུང་ལུ་ སློབ་གྲྭ་དེ་ རྒྱ་བསྐྱེད་འབད་དགོ་པའི་ ཞུ་བ་འབད་མི་གི་ གྲུབ་འབྲས་ཅིག་ཨིན་པས།
དེ་ལས་ གཞུང་གིས་ ས་དང་རྡོ་གིས་སྦེ་ ཐོག་ཚད་༡ འབད་མི་ཁྱིམ་ཅིག་ རྐྱབ་བྱིན་ཡོདཔ་ད་ ད་ལྟོ་ ཁང་མིག་ཚུ་ སློབ་ཁང་དང་ དཔེ་མཛོད་ཁང་ དེ་ལས་ སློབ་དཔོན་ཅིག་གིས་ སྡོད་ཁྱིམ་སྦེ་ ལག་ལེན་འཐབ་སྟེ་འདུག།
བར་གཤོང་མི་སྡེ་སློབ་གྲྭ་དེ་ མཐའ་ཟུར་ནང་འབད་རུང་ གཙང་སྦྲ་དང་ལྡན་པའི་ འཐུང་ཆུ་དང་ གསང་སྤྱོད་ཀྱི་ མཐུན་རྐྱེན་ཚུ་ཡང་ སློབ་ཕྲུག་བུཚ་དང་ བུམོ་ཚུ་གི་དོན་ལུ་ ལོགས་སུ་སྦེ་ རྐྱབ་སྟེ་འདུག།
ད་རེས་ སློབ་གྲྭ་དེ་ནང་ སློབ་རིམ་༤ པ་ཚུན་ཡོད་རུང་ ད་ཚུན་ སློབ་ཕྲུག་གི་གྱངས་ཁ་༡༡ ལས་བརྒལ་ ཡར་སེང་འགྱོ་ནི་མེད་མི་དེ་ཡང་ རྒེད་འོག་ནང་ འཛུལ་ཞུགས་འབད་མི་ ཨ་ལོ་གངམ་མེད་ནི་དེ་གིས་ཨིན་པས།

བར་གཤོང་མི་སྡེ་སློབ་གྲྭ་ཆུང་བ།

དེ་མ་ཚད་ མི་སེར་གྱིས་ བཤད་མིའི་ནང་ ཨ་ལོའི་ཕམ་ མང་ཤོས་ར་ ས་ཁ་མཐོ་ས་ལས་ཕར་ ལ་ནོར་དང་གཅིག་ཁར་ སྡོད་དགོ་ནི་དེ་གིས་ ཨ་ལོ་བལྟ་མི་མེད་པར་ འཕྲལ་འཕྲལ་ཨ་ལོ་ཚུ་ཡང་ ཁོང་དང་གཅིག་ཁར་ ཁྱིད་མི་ལུ་བརྟེན་ གཡུས་ཁར་སྡོད་མི་མེད་ཟེར་ཨིན་པས།
དེ་བཟུམ་སྦེ་ དབྱར་རྩྭ་དགུན་འབུབ་ བསྡུ་བསྒྱོམ་འབད་ནི་གི་ དུས་ཚོད་ལུ་ ཕམ་ཚུ་གིས་ རང་སོའི་ཨ་ལོ་ཚུ་ སློབ་དཔོན་ཚུ་དང་གཅིག་ཁར་ བཞག་དོ་ཡོདཔ་ཨིན་པས།
ནཱ་རོ་རྒེད་འོག་ གཞོངམ་ཐང་གཡུས་ཚན་ལས་ དབང་འདུས་ཀྱི་ ཚ་བོ་དང་ཚམོ་ཚུ་ ད་རེས་ ལྕམ་སྒང་ལུ་ དཔེ་ཆ་བལྟ་དོ་ཡོདཔ་ལས་ ཁོ་གིས་ ཁྱིམ་ཁང་གླ་ཁར་ ལེན་ཐོག་ལས་ ཨ་ལོ་བདག་འཛིན་འབད་དེ་ ལོ་༣ དེ་ཅིག་ ལང་དོ་ཡོདཔ་ཨིན་པས།
གཡུས་ཚན་དེ་ནང་ལས་ ནཱ་རོ་རྒེད་འོག་ལྟེ་བ་ཚུན་ ཉིན་ལམ་༣ དེ་ཅིག་ འགོར་མི་ལུ་བརྟེན་ ཨ་ལོ་ཚུ་ བར་གཤོང་སློབ་གྲྭ་ནང་ གཏང་ནི་དེ་ ལཱ་ཁག་འདུག་ཟེར་ དབང་འདུས་ཀྱིས་ བཤདཔ་ཨིན་པས།
དབང་འདུས་ཀྱི་ ཨ་ལོ་ཚུ་ བར་གཤོང་སློབ་གྲྭ་ནང་ བཙུགས་དགོ་པ་ཅིན་ སློབ་གྲྭའི་ཉེ་འདབས་ལས་ཕར་ ཁྱིམ་ཚད་ཅིག་ལས་བརྒལ་མེདཔ་ལས་ ཁོ་གིས་ གནས་སྐབས་ཀྱི་ ཁྱིམ་རྐྱབ་དགོཔ་ འབྱུང་ནི་མས་ཟེར་ བཤདཔ་ཨིན་པས།
དེ་མ་ཚད་ སློབ་གྲྭའི་ཉེ་འདབས་ལུ་ ཚོང་ཁང་མེདཔ་ལས་ བཟའ་འཐུང་གི་རིགས་ཚུ་ རྡོ་གདན་ནང་ལས་ བཏོན་དགོཔ་ད་ ཟད་འགྲོ་སྦོམ་སྦེ་ར་ གཏང་དགོཔ་འབྱུང་ནི་མས་ཟེར་ཨིན་པས།
ནཱ་རོ་རྒཔོ་ དབང་ཕྱུག་གིས་ སླབ་མིའི་ནང་ ཨ་ལོའི་ཕམ་༢༠ དེ་ཅི་གི་ ཨ་ལོ་ཚུ་ ཐིམ་ཕུག་དང་ སྤ་རོ་ལས་ཕར་ དཔེ་ཆ་བལྟ་སྟེ་ ཡོདཔ་བཞིན་དུ་ ཕམ་མང་ཤོས་ཅིག་གིས་ དཀར་སྦྱིས་ས་དང་ ལྕམ་སྒང་སློབ་གྲྭ་ཚུ་ནང་ གདམ་ཁ་རྐྱབ་མས་ཟེར་ཨིན་པས།
མི་སེར་མང་ཤོས་ར་ རྒེད་འོག་ལྟེ་བ་ལས་ ཉིན་ལམ་༢ དང་༣ གྱི་ས་ཁར་ སྡོད་དོ་ཡོདཔ་ད་ རྒེད་འོག་ནང་ ཁྱིམ་གུང་༦༩ ཡོད་མིའི་གྲས་ལས་ སློབ་གྲྭའི་ཉེ་འདབས་ལུ་ གུང་པ་༡༥ ལས་བརྒལ་མེདཔ་ཨིན་པས།
སོ་ནམ་པ་ བསྟན་འཛིན་གྱིས་འབད་བ་ཅིན་ གལ་སྲིད་ བར་གཤོང་སློབ་གྲྭ་ནང་ ནང་སྡོད་ཀྱི་ མཐུན་རྐྱེན་ཡོད་པ་ཅིན་མ་གཏོགས་ ཨ་ལོ་ཚུ་ འཛུལ་ཞུགས་འབད་མི་ཚུགས་ནི་མས་ཟེར་ཨིན་པས།
རྒཔོ་དབང་ཕྱུག་གིས་ སླབ་མིའི་ནང་ འཁོར་ལམ་དེ་ ནཱ་རོ་རྒེད་འོག་ལྟེ་བ་ནང་ ལྷོད་པ་ཅིན་ མ་འོངས་པར་ སློབ་གྲྭ་རྒྱ་བསྐྱེད་འབད་དེ་ ནང་སྡོད་མཐུན་རྐྱེན་ གཞི་བཙུགས་འབད་ནིའི་ འོས་འབབ་ཡོདཔ་ལས་ ཨ་ལོའི་གྱངས་ཁ་ཡང་ ཡར་སེང་འགྱོ་ནི་གི་ རེ་བ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ན་ཧིང་ རྒེད་འོག་ནང་ ཨ་ལོའི་གྱངས་ཁ་ བརྟག་ཞིབ་ཅིག་འབདཝ་ད་ སྐྱེས་ལོ་༡ ལས་༥ འབད་མི་ ཨ་ལོ་༡༥ དེ་ཅིག་ འདུག་ཟེར་ཨིནམ་ད་ ཨ་ལོ་མང་ཤོས་ཅིག་ར་ ཁྲོམ་ཁར་འགྱོ་བའི་བསྒང་ལས་ ལོག་གཡུས་ཁར་ འོང་ནི་མེདཔ་ལས་ རྒེད་འོག་ནང་ ཨ་ལོ་གངམ་མེད་ཟེར་ཨིན་པས།
ལོ་བསྟར་བཞིན་དུ་ སྤྱི་ཟླ་༥ པ་དང་༦ པའི་ནང་ ཁྱིམ་གུང་རེ་ལས་ མི་ངོམ་༣ དེ་རེ་ འོང་འབབ་ཀྱི་ ཐོན་ཁུངས་གཙོ་ཅན་ དབྱར་རྩྭ་དགུན་འབུབ་ བསྡུ་བསྒྱོམ་འབད་བར་ འགྱོ་དོ་ཡོདཔ་ཨིན་པའི་གནས་ཚུལ།

ནཱ་རོ་ལས་ ཨོ་རྒྱན་རྡོ་རྗེ།

About admin

Check Also

བསྐོར་ཐེངས་དང་པའི་ནང་ སྤ་རོ་ཨེཕ་སི་སྡེ་ཚན་གྱིས་ ཨང་དང་པ་ཐོན་ཡོདཔ།

༉ སྤ་རོ་ ཨེཕ་སི་སྡེ་ཚན་གྱིས་ བསྐོར་ཐེངས་དང་པའི་ནང་ སྐུགས་༢༥ ཐོབ་སྟེ་ ཨང་དང་པ་ཐོན་པའི་སྐབས་ ན་ཧིང་ ཨང་དང་པ་ཐོན་མི་ ཐིམ་ཕུག་སི་ཊི་སྡེ་ཚན་གྱིས་ སྐུགས་༢༣ ཐོབ་སྟེ་ ཨང་༢ པ་ཐོན་ནུག། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *