བཟོ་སྐྲུན་ས་ཁོངས་ཚུ་ནང་ ཉེན་སྲུང་ལྟ་རྟོག་འབད་ནི་ མེདཔ་ཨིན་ན?

༉ སྤྱི་ཟླ་༢ པའི་ཚེས་༡༡ ལུ་ སྐྱེས་ལོ་༡༧ ལང་མི་ སློབ་རིམ་༩ པའི་སློབ་ཕྲུག་བུམོ་ཅིག་ དཔག་བསམ་ཁ་ལུ་ བཟོ་སྐྲུན་ས་ ཁོངས་ཅིག་ནང་ ལཱ་འབད་སྡོད་པའི་སྐབས་ ལྕགམ་དུམ་ཚུ་བུད་འོངམ་ད་ འོག་ལུ་ཨེབ་སྟེ་ ཤིང་རྐྱེན་བྱུང་མི་དེ་གིས་ འབྲུག་པའི་ བཟོ་སྐྲུན་ས་ཁོངས་ཚུ་ནང་ ཉེན་སྲུང་གི་གནས་སྟངས་དང་ དབང་འཛིན་ཚུ་གིས་ ལྟ་རྟོག་ཚུ་ མ་འབད་བའི་རྟགས་ མཚན་སྟོནམ་ཨིན་མས།

རྐྱེན་ངན་དེ་ གློ་བུར་གྱི་ རྐྱེན་ངན་ཅིག་ཨིན་རུང་ ལོ་ཚད་མ་སྨིན་མི་ཚུ་ བཟོ་སྐྲུན་ས་ཁོངས་ཚུ་ནང་ ཁྲིམས་འགལ་ཐོག་ལས་ ལཱ་འབད་བཅུག་པའི་གནད་དོན་དེ་ ག་ཏེ་ཡང་ཡོདཔ་ལས་ མི་ཚུ་གིས་ རྐྱེན་ངན་དེའི་སྐོར་ལས་རྐྱངམ་གཅིག་མེན་པར་ ལཱ་འབད་སའི་ ས་ཁོངས་ཀྱི་ཉེན་སྲུང་ལུ་ དྲི་བཀོད་འབད་ནི་འགོ་བཙུགས་ནུག།

ཚེ་འདས་སློབ་ཕྲུག་ལུ་ ལཱ་གཡོག་བྱིན་མི་ཇོ་བདག་གིས་ རྐྱེན་ངན་དེ་ ས་ཡོམ་གྱི་འབྱེམ་ལུ་བརྟེན་བྱུང་ཡོདཔ་སྦེ་ ཁ་ཉེས་བཀལཝ་ཨིན་རུང་ ལས་མིའི་ཉེན་སྲུང་ལུ་ ཧེ་མ་ལས་ གཙོ་རིམ་སྒྲིག་ཡོད་པ་ཅིན་ རྐྱེན་ངན་ག་ཅི་བཟུམ་འཐོན་རུང་ སྲོག་སྐྱབས་འབད་ཚུགས་པའི་ གོ་སྐབས་འོང་ནི་ཨིན་རུང་ རྐྱེན་ངན་བྱུང་ས་ལུ་ དེ་ཚུ་ཡོད་པའི་ ལོ་རྒྱུས་མེདཔ་ལས་ ཚེ་འདས་ དང་གཅིག་ཁར་ གཞན་ལས་མི་༩ པོ་ཆ་ར་ ལྕགས་དུམ་གྱི་འོག་ལས་བཏོན་ནི་ལུ་ ཆུ་ཚོད་གཅིག་ལྷགཔ་ཅིག་ འགོར་ཡོདཔ་ལས་ ཚེ་འདས་བུམོ་དེ་ སྲོག་སྐྱབས་འབད་མ་ཚུགས་པས།

རྐྱེན་ངན་བྱུང་བའི་སྐབས་ མཐོང་མི་ཚུ་གིས་ ཚེ་འདས་དང་ གཞན་ལས་མི་ཚུ་ ལྕགས་དུམ་གྱི་འོག་ལུ་ཚུད་ཡོདཔ་མཐོང་རུང་ ཁོང་གིས་འབད་ཚུགས་པའི་ ལཱ་མེནམ་ལས་ ལྟ་སྡོད་དགོཔ་བྱུང་ནུག།

ནད་ཡམས་ལུ་བརྟེན་ རང་གི་འཚོ་བའི་མཐའ་དོན་ལུ་ ཁེ་རྒོ་བཏོན་ཏེ་ ལཱ་འབད་དགོ་པའི་ བཟོ་སྐྲུན་ས་ཁོངས་ཚུ་ནང་ ཧེ་མ་ དང་ཕྱདཔ་ད་ འབྲུག་མི་ལེ་ཤ་གིས་ གོ་སྐབས་འཚོལ་དོ་ཡོདཔ་ད་ འཕྲལ་ཁམས་ཅིག་ལས་ བཟོ་སྐྲུན་ལས་སྡེ་ཚུ་གིས་ཡང་ འབྲུག་མི་ཚུ་ ལས་མི་སྦེ་བཙུགས་ནི་ འགོ་བཙུགས་ཡོདཔ་ཨིན།

ན་གཞོན་སློབ་ཕྲུག་ཚུ་གིས་ སློབ་གྲྭ་ནང་ ལོག་མ་འགྱོ་བའི་ཧེ་མར་ རང་གི་ཟད་འགྲོའི་དོན་ལུ་ ལཱ་འབད་ནིའི་གོ་སྐབས་ ག་ཅི་བཟུམ་འཐོབ་རུང་ དང་འདོད་བསྐྱེདཔ་ལས་ ཕམ་ཚུ་ལུ་ ལྷན་ཐབས་འབདཝ་ཨིན་མས།

ད་ཚུན་ འབྲུག་པའི་བཟོ་སྐྲུན་ལས་སྡེ་ཚུ་གིས་ འབྲུག་མི་ལས་ཕྱིའི་ལས་མི་ གདམ་ཁ་རྐྱབ་དོ་ཡོདཔ་ལས་ ལོ་བསྟར་བཞིན་དུ་ ཕྱི་མི་སྟོང་ཕྲག་ལས་བཅད་དེ་ འབྲུག་པའི་བཟོ་སྐྲུན་ས་ཁོངས་ནང་ འཛུལ་ཡོདཔ་ཨིན།

ཨིན་རུང་ ནད་ཡམས་ཀྱིས་ ཧེ་མའི་གནས་སྟངས་དང་འཁྲིལ་ འགྱོ་མི་བཏུབ་དོ་ཡོདཔ་ལས་ ལས་མི་ཚུ་ རྒྱལ་ཁབ་ནང་འཁོད་ ལས་ འཚོལ་དགོ་པའི་ཁར་ འབྲུག་པའི་བཟོ་སྐྲུན་ལས་སྡེ་ཚུ་གིས་འབད་རུང་ འབྲུག་མི་ཚུ་ལུ་ གོ་སྐབས་མང་སུ་བྱིན་ནི་ འགོ་ བཙུགས་ཏེ་ཡོདཔ་ཨིན།

འབྲུག་མི་མང་ཤོས་ར་ ཕམ་སོ་ནམ་པའི་ ཨ་ལོ་ཚུ་ཨིནམ་ལས་ ཞིང་ནང་ལཱ་འབད་མི་ ཙང་ཙ་འབདཝ་ལས་ ཁེ་རྒོ་བཏོན་དགོ་པའི་ལཱ་ཚུ་ལས་ རྒྱབ་བཤུད་རྐྱབ་སྡོད་ནི་དང་ ཁེ་རྒོ་བཏོན་ཏེ་ལཱ་འབད་ནི་ལུ་ གདོང་ལེན་ཡང་མི་འབྱུང་།

ཨིན་རུང་ ཕྱིའི་ལས་མི་དང་གཅིག་ཁར་ རིག་རྩལ་དང་ལྕོགས་གྲུབ་ཀྱི་ཐད་ལས་ ག་བསྡུར་འབད་བ་ཅིན་ འབྲུག་མི་ཚུ་གིས་ བཟོ་སྐྲུན་ལས་སྡེ་ནང་ ལཱ་འབད་ནིའི་གོ་སྐབས་དེ་ཅིག་ འཐོབ་སྟེ་མེདཔ་ལས་ འགོ་དང་པ་ རིག་རྩལ་དེ་ཅིག་ བཏོན་མི་ཚུགས་ ནི་ཨིན་རུང་ གོ་སྐབས་སྤྲོད་པ་ཅིན་ ཉམས་མྱོང་དེ་ ལས་ཀྱིས་འཐོབ་ནི་ཨིནམ་ལས་ གོ་སྐབས་སྤྲོད་ནི་དེ་ཁག་ཆེ།

དུས་ཀྱི་འགྱུར་བ་དང་བསྟུན་ བཟོ་སྐྲུན་ས་ཁོངས་ནང་ སྦུང་འགུལ་དང་འཕྲུལ་ཆས་སྣ་ཚོགས་ ལག་ལེན་འཐབ་སྟེ་ ལཱ་འབད་དགོ་ནི་ཨིནམ་ལས་ དེ་དང་འཁྲིལ་བའི་ ཉེན་སྲུང་གི་གདོང་ལེན་ཚུ་ཡང་ མ་འདྲཝ་སྦེ་འོང་ནི་ཨིནམ་ལས་ ལཱ་གཡོག་གི་གོ་སྐབས་སྤྲོད་མི་དང་ ལྟ་རྟོག་འབད་མི་དབང་འཛིན་ཚུ་གིས་ དུས་དང་དུས་སུ་ ལྟ་རྟོག་ཚུ་འབད་དེ་ ལཱ་གི་ས་ཁོངས་ཚུ་ནང་ རྐྱེན་ངན་དེ་བཟུམ་འབྱུང་ནི་ལས་ སྔོན་འགོག་གི་ ཐབས་ལམ་ཚུ་བཏོན་དགོཔ་འདུག།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *