ལས་མི་ཚུ་གིས་ ཉེན་སྲུང་ཅ་ཆས་ཚུ་ ལག་ལེན་འཐབ་མི་བཏུབ་པའི་ བཟོ་སྐྲུན་ས་ཁོངས་ཚུ་གི་གྲས་ལས་ གཅིག།

བཟོ་སྐྲུན་ས་ཁོངས་མང་ཤོས་ཅིག་ནང་ ལས་མི་ཚུ་གིས་ ཉེན་སྲུང་ཅ་ཆས་ཚུ་ ལག་ལེན་འཐབ་མི་བཏུབ་དོ་ཡོདཔ།

༉ འཚོ་བ་སྐྱོང་ཐབས་ལུ་ གཡུས་མི་ཚུ་གིས་ བཟོ་སྐྲུན་ས་ཁོངས་ཚུ་ནང་ ལཱ་འབད་ནིའི་གོ་སྐབས་ལེན་དོ་ཡོད་རུང་ ཉེན་སྲུང་ཅ་ཆས་ཚུ་ ལག་ལེན་འཐབ་མི་ དེ་ཅིག་ར་མེདཔ་ཨིན་པས།

ཁག་འབགཔ་ཚུ་གིས་ སླབ་མིའི་ནང་ ཉེན་སྲུང་ཅ་ཆས་ཚུ་བྱིན་རུང་ ལག་ལེན་འཐབ་མི་བཏུབ་པས་ཟེར་ཨིནམ་ད་ ལས་མི་ལ་ལོ་ཅིག་གིས་འབད་བ་ཅིན་ ཁག་འབགཔ་གིས་ར་ བྱིན་མ་བཏུབ་ཟེར་ སླབ་དོ་ཡོདཔ་ཨིན་པས།

བཀྲིས་སྒང་རྫོང་ཁག་གི་ བཟོ་སྐྲུན་ས་ཁོངས་༧ དེ་ཅིག་ནང་ལྟཝ་ད་ བཟོ་སྐྲུན་ས་ཁོངས་ལ་ལོ་ཅིག་ནང་ ཉེན་སྲུང་ཅ་ཆས་ཚུ་བྱིན་ཡོད་རུང་ ལས་མི་ཕུད་རྡོག་གཅིག་གིས་ར་ ལག་ལེན་འཐབ་ས་མ་མཐོང་།

ལོ་ངོ་མང་རབས་ཅིག་ བཟོ་སྐྲུན་ས་ཁོངས་ནང་ ལཱ་འབད་སྡོད་མི་ འཇིགས་མེད་རྡོ་རྗེ་གིས་འབད་བ་ཅིན་ ཁག་འབགཔ་དང་ ལས་མི་གཉིས་ཆ་རང་གིས་ ཉེན་སྲུང་ལུ་ གཙོ་རིམ་བཟུང་ནི་དེ་ དཀོན་སུ་ཅིག་ཨིན་མས་ཟེར་ཨིན་པས།

ཉེན་སྲུང་གི་ཅ་ཆས་ ཞྭམོ་དང་ལག་ཤུབས་ལ་སོགས་པ་ཚུ་བྱིན་རུང་ སྤུས་ཚད་མིན་འདུག་ཟེར་ འཇིགས་མེད་རྡོ་རྗེ་གིས་ བཤད་པའི་ཁར་ ཅ་ཆས་ཚུ་ མེདཔ་ཐལ་བའི་བསྒང་ལས་ ཉེན་སྲུང་མེད་པར་ ལཱ་འབད་དགོཔ་ཐོནམ་མས་ཟེར་ཨིན་པས།

བཟོ་སྐྲུན་ས་ཁོངས་ཅིག་ནང་ ལཱ་འབད་སྡོད་མི་ སེངྒེ་དབང་ཕྱུག་གིས་འབད་བ་ཅིན་ ཉེན་སྲུང་ཅ་ཆས་ཚུ་ བྱིན་དགོཔ་སྦེ་ཡོད་རུང་ ཁག་འབགཔ་གིས་ མ་བྱིན་ཟེར་ཨིནམ་ད་ དམིགས་བསལ་དུ་ ཁག་འབགཔ་ཆུང་བ་ཚུ་གིས་ བྱིན་མི་བཏུབ་པས་ཟེར་ཨིན་པས།

ཁྲིམས་ཤིང་ལས་ སྐྱེས་ལོ་༣༢ ལང་མི་ བཀྲིས་རྒྱ་མཚོ་གིས་ སླབ་མིའི་ནང་ ཉེན་སྲུང་ཅ་ཆས་བྱིན་རུང་ ལཱ་ཚུ་དུས་ཚོད་ཁར་བསྒྲུབ་དགོཔ་འབདཝ་ད་ ལག་ལེན་འཐབ་མི་ཚུགས་པས་ཟེར་ཨིནམ་ད་ ཁག་འབགཔ་གིས་འབད་རུང་ དེ་ཅིག་ར་ གཙོ་རིམ་མི་བཟུང་པས་ཟེར་ཨིན་པས།

བཟོ་སྐྲུན་ས་ཁོངས་ཚུ་ནང་ ཚེ་སྲོག་ལུ་ གནོད་ཉེན་ཡོད་པའི་ཁར་ ས་ཁོངས་ནང་ལས་ཐོན་པའི་ ཐལཝ་ཚུ་གིས་ ལས་མི་ཚུ་ལུ་གནོད་པའི་ཉེན་ཁ་ཡོདཔ་ཨིན་པས།

གཡུས་མི་ཉི་མ་རྡོ་རྗེ་གིས་ ཉིན་བསྟར་བཞིན་དུ་ ལཱ་གི་གནས་སྟངས་དང་བསྟུན་ ཉིན་བསྟར་གླ་ཆ་ དངུལ་ཀྲམ་༦༠༠ དང་༧༠༠ འི་བར་ན་ ཐོབ་དོ་ཡོདཔ་ད་ ཉེན་སྲུང་མེད་རུང་ སོ་ནམ་གྱི་ལཱ་འབད་ནི་ལས་ བཟོ་སྐྲུན་གྱི་འབབ་ཁུངས་དེ་ར་ ཁེ་སང་ཆེ་བས་ཟེར་ བཤདཔ་ཨིན་པས།

བཟོ་རིག་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ གོང་འཕེལ་འགྱོ་ཚར་མི་ རྒྱལ་ཁབ་ཚུ་ནང་འབད་བ་ཅིན་ བཟོ་སྐྲུན་ལས་སྡེ་ཚུ་ནང་ ལས་མི་ཚུ་གི་དོན་ལུ་ ཉེན་སྲུང་སྡེ་ཚན་དང་ གསོ་བའི་སྡེ་ཚན་ གཞི་བཙུགས་འབད་ཡོདཔ་ལས་ ང་བཅས་རའི་ རྒྱལ་ཁབ་ནང་འབད་རུང་ དེ་བཟུམ་བཙུགས་དགོཔ་ཁག་ཆེ་བས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཁག་འབགཔ་ལ་ལོ་ཅིག་གིས་ ཉེན་སྲུང་ཅ་ཆས་ཚུ་ བཙུགས་ནི་དོན་ལུ་ ཟད་འགྲོ་གཏང་མ་བཏུབ་རུང་ འགྲོས་ཀྱིས་སྦེ་ ཉེན་སྲུང་ཅ་ཆས་ཚུ་ ལག་ལེན་འཐབ་ནིའི་ འགོ་བཙུགས་མི་དང་བསྟུན་ ད་ལྟོ་ཡོད་པའི་སྒྲིག་གཞི་ཚུ་ དམ་དམ་སྦེ་ ལག་ལེན་འཐབ་དགོཔ་འདུག་ཟེར་ཨིན་པས།

ཁག་འབགཔ་ལ་ལོ་ཅིག་གིས་འབད་བ་ཅིན་ ཉེན་སྲུང་ཅ་ཆས་ཚུ་བྱིན་རུང་ ལག་ལེན་འཐབ་མི་བཏུབ་པས་ཟེར་ཨིནམ་ད་ ལག་ལེན་འཐབ་དགོ་པའི་སྐོར་ལས་ གོ་བརྡ་སྤྲོད་རུང་ སྟབས་མི་བདེ་ཟེར་སླབ་སྟེ་ བཤོལ་བཞགཔ་མས་ཟེར་ ཁག་འབགཔ་ ཨྱོན་དབང་ཕྱུག་གིས་ བཤདཔ་ཨིན་པས།

ཉེན་སྲུང་ཅ་ཆས་ཚུ་ ལག་ལེན་འཐབ་དགོ་པའི་སྐོར་ལས་ སྒྲིག་གཞི་དམ་དམ་སྦེ་ ལག་ལེན་འཐབ་པ་ཅིན་ ལས་མི་ཚུ་གིས་འབད་རུང་ ཉེན་སྲུང་ཅ་ཆས་ཚུ་ ལག་ལེན་འཐབ་ནི་མས་ཟེར་ ལཱ་ལྟ་རྟོག་འབད་མི་ སང་ཅར་ཇི་ རའི་གིས་ བཤད་པའི་ཁར་ ག་དེམ་ཅིག་སླབ་རུང་ མང་ཤོས་ཀྱིས་ ལག་ལེན་འཐབ་མི་བཏུབ་པས་ཟེར་ཨིན་པས།

བཟོ་སྐྲུན་གྱི་ སྒྲིག་གཞི་དང་འཁྲིལ་བ་ཅིན་ བཟོ་སྐྲུན་ས་ཁོངས་ལས་ ཐལཝ་ཚུ་བཀག་ཐབས་ལུ་ ཉེན་སྲུང་གི་རས་ཅིག་ བཀབ་ནི་ཡོད་རུང་ དེ་ཡང་ ལག་ལེན་འཐབ་ནི་མེདཔ་ཨིན་པས།

བཀྲིས་སྒང་དང་ བསམ་གྲུབ་ལྗོངས་མཁར་བར་ནའི་ འགྲུལ་པ་ཚུ་གིས་ སླབ་མིའི་ནང་ བཟོ་སྐྲུན་ས་ཁོངས་ཚུ་ནང་ ཉེན་སྲུང་གི་བརྡ་ཚུ་ ག་ནི་ཡང་མེདཔ་ལས་ ཐུག་རྐྱེན་འབྱུང་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།

དུས་རྒྱུན་དུ་ འགྲོ་འགྲུལ་འབད་མི་ཚུ་གིས་ ཧ་གོ་རུང་ འགྲུལ་པ་གསརཔ་ཚུ་གིས་ མི་ཤེས་ནི་ཨིནམ་ལས་ ཐུག་རྐྱེན་འབྱུང་ནིའི་ ཉེན་ཁ་འདུག་ཟེར་ དེད་གཡོགཔ་བསོད་ནམས་ཚེ་རིང་གིས་ བཤད་པའི་ཁར་ ཕྱི་རུ་འགྲོ་འགྲུལ་འབད་ནི་དེ་ འདྲོག་པས་ཟེར་ཨིན་པས།

དེད་གཡོགཔ་ ཚུལ་ཁྲིམས་རྡོ་རྗེ་གིས་འབད་བ་ཅིན་ བཟོ་སྐྲུན་ས་ཁོངས་ཚུ་ནང་ ཐགཔ་ལ་སོགས་པ་ཚུ་ བཞག་དོ་ཡོད་རུང་ ཁག་འབགཔ་ཚུ་གིས་ མི་བཞག་པས་ཟེར་ཨིན་པས།

གནམ་བྱཱར་ ས་སྨུག་སྤུབས་པའི་སྐབས་ ཉེན་ཁ་ཆེཝ་ལས་ འབྲེལ་ཡོད་འགོ་དཔོན་དང་ ཁག་འབགཔ་ཚུ་གིས་ ཐོ་བཀོད་བཞག་སྟེ་ ཉེན་སྲུང་དང་ལྡནམ་སྦེ་ བཞག་དགོཔ་འདུག་ཟེར་ ཚུལ་ཁྲིམས་རྡོ་རྗེ་གིས་ བཤདཔ་ཨིན་པས།

བཀྲིས་སྒང་ ལུང་ཕྱོགས་ལཱ་གཡོག་ཡིག་ཚང་དང་འཁྲིལ་བ་ཅིན་ བཟོ་སྐྲུན་ས་ཁོངས་ནང་ ཉེན་སྲུང་ཡོད་མེད་ཀྱི་ ལྟ་རྟོག་འབད་བཞིན་དུ་ཡོད་ཟེར་ཨིན་པས།

ལུང་ཕྱོགས་ལཱ་གཡོག་མདོ་ཆེན་ ཤེས་རབ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ལོ་བསྟར་བཞིན་དུ་ བཟོ་སྐྲུན་ས་ཁོངས་ཚུ་ནང་ བརྟག་ཞིབ་འབད་བའི་སྐབས་ ལས་མི་ཚུ་གིས་ ཉེན་སྲུང་ཅ་ཆས་ཚུ་ ལག་ལེན་འཐབ་མ་འཐབ་ཀྱི་ ལྟ་རྟོག་འབད་དེ་ར་ཡོད་ཟེར་ཨིན་པས།

ལུང་ཕྱོགས་ལཱ་གཡོག་ཡིག་ཚང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཕར་ཚུར་འགྱོ་བའི་སྐབས་ ག་ཏེ་འཛོལ་བ་ཡོདཔ་ཨིན་ན་ དེ་འཕྲོ་ལས་ ལཱ་ཚུ་བཀག་ཆ་འབད་དེ་ བཅོ་ཁ་རྐྱབ་དོ་ཟེར་ཨིནམ་ད་ ང་བཅས་ཀྱི་ ཁ་ཐུག་ལས་འབད་བ་ཅིན་ ཁག་འབགཔ་ཆུང་བ་མ་གཏོགས་ མང་ཤོས་ཀྱིས་ ཉེན་སྲུང་གི་ཅ་ཆས་ཚུ་ ལག་ལེན་འཐབ་དགོ་པའི་སྐོར་ལས་ ཤེས་ཏེ་ཡོད་ཟེར་ཨིན་པས།

ཁག་འབགཔ་གིས་ ཉེན་སྲུང་ཅ་ཆས་མ་བྱིན་པར་ གལ་སྲིད་ ལས་མི་ཚུ་གི་ ཚེ་སྲོག་ལུ་ གནོད་ཉེན་འབྱུང་པ་ཅིན་ རྒྱལ་ཡོངས་ལས་མིའི་གླ་ཆ་ ཉིན་གྲངས་༡,༠༨༠ གི་རྩིས་རྐྱབ་སྟེ་ བྱིན་དགོ་པའི་ཁར་ ལོ་༡ གི་གླ་ཆ་ཉུང་མཐའ་ བརྒྱ་ཆ་༧༠ དེ་ཅིག་ བྱིན་དགོ་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ ལས་མི་ཚུ་གིས་ ཉེན་སྲུང་ཅ་ཆས་ཚུ་ ལག་ལེན་མ་འཐབ་པ་ཅིན་ ཉེས་བྱ་བཀལ་དགོ་ཟེར་ ལཱ་གཡོག་བཅའ་ཁྲིམས་༢༠༠༧ ཅན་མ་ནང་ འཁོད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *