བཟོ་སྐྲུན་ལས་སྡེ་ནང་ ཉེན་སྲུང་ཅ་ཆས་ཚུ་ ལག་ལེན་འཐབ་མི་ ཉུང་སུ་ཅིག་ལས་མེདཔ།

༉ ལས་གཡོག་ལྷན་ཁག་འོག་གི་ ལཱ་གཡོག་ལས་ཁུངས་དང་འཁྲིལ་བ་ཅིན་ འདས་པའི་ལོ་ནང་ ལཱ་གི་ས་ཁོངས་ཚུ་ནང་ ལས་མི་༧ ལུ་ཤི་རྐྱེན་དང་༣༠ ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།

ཐིམ་ཕུག་ལུ་ སྒེར་གྱི་བཟོ་སྐྲུན་ས་ཁོངས་ཚུ་ནང་ ལས་མི་༥ དེ་ཅིག་གིས་ ཉེན་སྲུང་གི་ཅ་ཆས་ཚུ་ ག་ནི་ཡང་ ལག་ལེན་མ་འཐབ་པར་ སྒྲིང་ཁྱིམ་ཐོག་ཚད་༤ འབད་མིའི་གུ་ ལཱ་འབད་ས་མཐོང་ཡོདཔ་ད་ ཁོང་ཆ་ཁྱབ་ ཨེན་ཏ་གུ་ཐགཔ་བཏགས་ཏེ་ ལཱ་འབད་དོ་ཡོདཔ་ཨིན་པས།

བཀྲིས་སྒང་ལས་ཨིན་མི་ ལས་མི་འཇིགས་མེད་ཀྱིས་འབད་བ་ཅིན་ དྲནམ་མ་བཏོན་པར་ ཁྱིམ་ཐོག་གུ་ལས་ བུད་སོ་པ་ཅིན་ ཚེ་སྲོག་ལུ་ ཉེན་ཁ་ཡོདཔ་ལས་ ཉེན་སྲུང་གི་ཅ་ཆས་ཚུ་ དགོཔ་ཁག་ཆེ་བས་ཟེར་ཨིན་པས།

ལཱ་གཡོག་ལས་ཁུངས་དང་འཁྲིལ་བ་ཅིན་ རྐྱེན་ངན་ཚབས་ཆེན་དེ་ར་ བརྒྱ་ཆ་༩༣.༧ དེ་ཅིག་ བཟོ་སྐྲུན་བཟོ་གྲྭ་ལས་ འོངམ་མས་ཟེར་ཨིནམ་ད་ བརྒྱ་ཆ་༦༠ བཟོ་སྐྲུན་ལས་སྡེ་ དེ་ལས་ བརྒྱ་ཆ་༣༦.༧ བཟོ་སྐྲུན་ས་ཁོངས་ནང་ལས་ འོངམ་མས་ཟེར་ཨིན་པས།

རྐྱེན་ངན་མང་ཤོས་ར་ འཕྲུལ་ཆས་ཕར་ཚུར་ སྤོ་བཤུད་འབད་བའི་སྐབས་ལུ་དང་ དྲོད་ལུ་བརྟེན་ གས་པའི་སྐབས་ དེ་ལས་ ཅ་ཆས་ཚུ་ བུད་འོང་པའི་སྐབས་ལུ་ བྱུང་དོ་ཡོདཔ་ཨིན་པས།

ལས་མི་ཅིག་གིས་ སླབ་མིའི་ནང་ ལཱ་འབད་བའི་སྐབས་ ལག་ཤུབས་དང་ ལྷམ་ཚུ་གིས་ ཉེན་སྲུང་འབད་ཚུགས་རུང་ ད་ལྟོ་ ལྕགས་ཞྭམོ་ཚུ་ མ་ཐོབ་པར་ཡོད་ཟེར་ཨིན་པས།

ལཱ་གཡོག་བཅའ་ཁྲིམས་༢༠༠༧ ཅན་མ་དང་འཁྲིལ་བ་ཅིན་ ལཱ་གཡོག་བྱིན་མི་ཚུ་གིས་ ཉེན་སྲུང་ཅ་ཆས་ཀྱི་ མ་དངུལ་བཞག་སྟེ་ ཅ་ཆས་ཚུ་ སྤྲོད་དགོ་ཟེར་ཡོདཔ་ད་ དེའི་བཅའ་ཡིག་དང་འཁྲིལ་རུང་ ལཱ་གི་ས་ཁོངས་ནང་ ལས་མི་ཚུ་གི་གཟུགས་ཁམས་དང་ ཉེན་སྲུང་ཡོདཔ་ བཟོ་དགོ་ཟེར་ཡོདཔ་ཨིན་པས།

ཐིམ་ཕུག་གི་ཁག་འབགཔ་ བིར་གིས་འབད་བ་ཅིན་ ཉེན་སྲུང་གི་ཅ་ཆས་ཚུ་བྱིན་རུང་ ལས་མི་ཚུ་གིས་ ལག་ལེན་འཐབ་མི་བཏུབ་དོ་ཡོདཔ་ལས་ སྒྲིག་གཞི་དམ་དམ་སྦེ་ ལག་ལེན་འཐབ་ནི་མེད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ འགོ་དང་འགོ་ལས་ར་ ཅ་ཆས་ལག་ལེན་འཐབ་ནིའི་ སེམས་ཤུགས་བྱིན་པ་ཅིན་ ལག་ལེན་འཐབ་བཏུབ་ནི་མས་ཟེར་ཨིན་པས།

སྐྱེས་ལོ་༢༥ ལང་མི་ བཟོ་རིག་འགོ་དཔོན་ བི་ཤལ་གུ་རུང་གིས་འབད་བ་ཅིན་ ལས་མི་ལ་ལོ་ཅིག་གིས་ ཉེན་སྲུང་ཅ་ཆས་ཚུ་ ལག་ལེན་འཐབ་མི་བཏུབ་པས་ཟེར་ཨིནམ་ད་ ཕྱིའི་ལས་མི་ཚུ་གིས་ ཁྱིམ་ཐོག་༡༠ གུ་ ལཱ་འབད་སྡོད་པའི་ ཉམས་མྱོང་ཡོད་ཟེར་སླབ་སྟེ་ ཉེན་སྲུང་ཅ་ཆས་ཚུ་ ལག་ལེན་འཐབ་མི་བཏུབ་པས་ཟེར་ཨིན་པས།

ཐིམ་ཕུག་ནང་འཁོད་ལུ་ བཟོ་སྐྲུན་ས་ཁོངས་ཚུ་ནང་ ལྕགས་ཞྭམོ་ཚུ་ ག་ལྷོད་བཞག་སར་ མཐོང་ཚུགས་དོ་ཡོདཔ་ད་ ཉེན་ཁ་དེ་ ལས་མི་རྐྱངམ་གཅིག་ལུ་མེན་པར་ འགྲུལ་པ་དང་ ས་གནས་ནང་སྡོད་མི་ཚུ་ལུ་ཡང་ ཡོདཔ་ཨིན་པས།

འདས་པའི་ལོ་ཚུ་ནང་ ལྕམ་སྒང་ལུ་ སྐྱེས་ལོ་༡༧ ལང་མི་ བུམོ་༡ ལུ་ བཟོ་སྐྲུན་ས་ཁོངས་ནང་ རྐྱེན་ངན་བྱུང་བའི་ལོ་རྒྱུས་ཡོདཔ་ད་ སྤྱི་ལོ་༢༠༡༩ ལུ་ ས་གནས་ཧེ་ཇོ་ལུ་ སྐྱེས་ལོ་༦ ལང་མི་ ཨ་ལོ་༡ ལུ་ཤི་རྐྱེན་དང་ སྐྱེས་ལོ་༤ ལང་མི་ ཨ་ལོ་༡ ལུ་ རྨ་སྐྱོན་བྱུང་ཡོད་པའི་ སྙན་ཞུ་ཚུ་ཡོདཔ་ཨིན་པས།

ལས་འཛིན་༡ ནང་ ལཱ་འབད་མི་ སྐྱེས་ལོ་༣༠ ལང་མི་ པདྨ་ལྷ་མོ་གིས་འབད་བ་ཅིན་ ཐིམ་ཕུག་གི་ བཟོ་སྐྲུན་ས་ཁོངས་ཚུ་ནང་ ཉེན་སྲུང་མེདཔ་ལས་ ཨེན་ཏ་ལ་སོགས་པ་ཚུ་ བུད་འོང་ནིའི་ཉེན་ཁ་འདུག་ཟེར་ སླབ་ཨིན་པས།

ལས་གཡོག་ལས་ཁུངས་ཀྱིས་ ས་འབད་སའི་ས་ཁོངས་༡,༧༨༢ དེ་ཅིག་ནང་ ཉེན་སྲུང་ཡོད་མེད་ཀྱི་ ཞིབ་དཔྱད་འབད་བའི་སྐབས་ མང་ཤོས་ར་ ཞབས་ཏོག་སྤྲོད་ས་དང་ དེའི་ཤུལ་ལས་ར་ ཟ་ཁང་ཚུ་ནང་ ཉེན་སྲུང་མིན་འདུག་ཟེར་ཨིན་པས།

སྒྲིག་གཞི་དང་མ་འཁྲིལ་བར་ བཟོ་སྐྲུན་གྱི་ལཱ་འབད་མི་༢༣༩ ལུ་ ཉེན་བརྡ་དང་༣༩ ལུ་ ཉེས་བྱ་ཚུ་བཀལ་ཡི་ཟེར་ཨིནམ་ད་ ལཱ་གཡོག་བྱིན་མི་དང་ ལས་མི་༢ ཆ་ར་ལུ་ ཉེན་སྲུང་སྦྱོང་བརྡར་ཚུ་ཡང་ བྱིན་དོ་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

ལས་མི་༣༢༦ ལུ་ ཉེན་སྲུང་སྦྱོང་བརྡར་དང་ རྐྱེན་ངན་བྱུང་བའི་སྐབས་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ བཟོ་གྲྭ་ལས་སྡེ་༤༨༣ ལུ་ སྦྱོང་བརྡར་བྱིན་ཏེ་ཡོད་ཟེར་ཨིན་པས།

བཟོ་སྐྲུན་ས་ཁོངས་ཚུ་ནང་ སྟབས་མ་བདེཝ་འབྱུང་རུང་ ལྷན་ཁག་ལུ་ སྙན་ཞུ་མི་འབད་བས་ཟེར་ འགོ་དཔོན་ཚུ་གིས་ བཤད་པའི་ཁར་ ལས་མི་ཚུ་ལུ་ རྒུད་འཐུས་དུམ་གྲ་རེ་བྱིན་ཏེ་ གསང་བཞགཔ་མས་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ ལས་གཡོག་ལྷན་ཁག་གིས་ ཤེས་པ་ཅིན་ ཞིབ་དཔྱད་ལོགས་སུ་སྦེ་ འབད་ནི་ཡོད་ཟེར་ཨིན་པས།

འགོ་དཔོན་ཚུ་གིས་འབད་བ་ཅིན་ ལྷན་ཁག་ལུ་ སྙན་ཞུ་འབད་བ་ཅིན་ དེ་བཟུམ་མའི་ བྱ་ངན་འབད་ནི་ལས་ བཀག་ཚུགས་ནི་མས་ཟེར་ཨིནམ་ད་ ཉེན་སྲུང་ཡོད་མེད་དང་ ལྟ་རྟོག་ཚུ་ཡང་ འབད་བཞིན་དུ་ཡོད་ཟེར་ཨིན་པས།

ལཱ་གཡོག་བྱིན་མི་ཚུ་གིས་ ཉེན་སྲུང་གི་ ཅ་ཆས་ཚུ་གི་དོན་ལུ་ ཟད་འགྲོ་གཏང་མ་བཏུབ་མི་དང་ འགོ་དཔོན་ཚུ་ལུ་ ཞིབ་དཔྱད་འབད་ནི་དང་ སྦྱོང་བརྡར་བྱིན་ནི་ དེ་ལས་ འཕྲུལ་རིག་གི་རྒྱབ་སྐྱོར་བྱིན་ནིའི་ནང་ གདོང་ལེན་འདུག་ཟེར་ འགོ་དཔོན་ཚུ་གིས་ བཤད་ཡོད་པའི་གནས་ཚུལ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *