བཟོ་སྐྲུན་ལས་སྡེ་༣ བཟོ་སྐྲུན་ཚུ་ནང་ འབྲེལ་འཛིན་འབད་མ་ཆོགཔ་བཟོ་ཡོདཔ།

༉ བཟོ་སྐྲུན་གོང་འཕེལ་བཀོད་ཚོགས་ཀྱིས་ བཟོ་སྐྲུན་ལས་སྡེ་༣ ལོ་ངོ་༢ ཀྱི་རིང་ བཟོ་སྐྲུན་ལཱ་ཚུ་ནང་ གྲལ་གཏོགས་འབད་མ་ཆོག་པར་ བཀག་ཆ་འབད་ཡོདཔ་ཨིན་པས།

བཀག་ཆའི་བཀའ་རྒྱ་དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ གྲོས་འདེབས་དང་འཁྲིལ་ཨིན་ཟེར་ བཟོ་སྐྲུན་གོང་འཕེལ་བཀོད་ཚོགས་ཀྱིས་ སྤྱི་ཟླ་༣ པའི་ཚེས་༡༥ ལུ་བཏོན་ནུག།

ཀུན་གསལ་ལུ་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ བཀོད་ཚོགས་དང་ ཐོ་བཀོད་འབད་དེ་ཡོད་མི་ འཆི་མེད་ཨར་ཌི་བཟོ་སྐྲུན་དང་ ཕུན་ཚོགས་རབ་བརྟན་བཟོ་སྐྲུན་ལས་སྡེ་ དེ་ལས་ བསོད་ནམས་རྒྱ་མཚོ་དང་ བོ་རོསི་བཟོ་སྐྲུན་ལས་སྡེ་༣ གྱིས་ སྤྱི་ལོ་༢༠༡༥ ལུ་ ཀུར་སྟོད་རྒྱ་རས་རྒེད་འོག་གི་ འཁོར་ལམ་གུ་ རྡོ་གཞིབ་ནི་དང་ རྩི་ནག་གཏང་ནིའི་དོན་ལས་ རིན་བསྡུར་འབདཝ་ད་ གྱོས་ངན་ནམ་ མགུ་མཐུད་དེ་ འབད་མི་ལུ་བརྟེན་ གཞུང་ལུ་ གྱོང་རྒུད་ཕོག་ཡོདཔ་ཨིན་པས།

རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ རིན་བསྡུར་ནང་ བཅའ་མར་གཏོགས་མི་ བཟོ་སྐྲུན་ལས་སྡེ་ཚུ་གི་བར་ན་ མགུ་མཐུད་མི་ལུ་བརྟེན་ གཞུང་ལུ་ དངུལ་ཀྲམ་ས་ཡ་༡༡.༧༧ ལྷགཔ་ཅིག་ རྒུད་བཀལ་ཡོད་པའི་ དོགས་པ་ཡོད་ལུགས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཡི་གུ་བྲིས་བའི་ཤུལ་ལས་ ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་ཡོདཔ་ཨིན་པས།

ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབདཝ་ད་ མོང་སྒར་གླིང་མི་ཐང་ལུ་ཡོད་མི་ ལམ་སེལ་ལས་ཁུངས་ཀྱི་ ལུང་ཕྱོགས་ཡིག་ཚང་གིས་ སྤྱི་ལོ་༢༠༡༥ ཟླ་༨ པའི་ནང་ འཁོར་ལམ་རྡོ་གཞིབ་ནི་དང་ རྩི་ནག་གཏང་ནིའི་དོན་ལུ་ རིན་བསྡུར་འགོ་འདྲེན་འཐབ་པའི་སྐབས་ ཁག་འབགཔ་༤ གིས་ དོ་འགྲན་འབད་ཡོད་མིའི་ནང་ལས་ འཆི་མེད་ཨར་ཌི་བཟོ་སྐྲུན་གྱིས་ གོང་ཚད་དམའ་ཤོས་བཀོད་ཡོད་རུང་ ཁག་འབག་གི་ལཱ་དེ་ བཟོ་སྐྲུན་ལས་སྡེ་༤ པ་ ཌའི་མཱོནཌ་བཟོ་སྐྲུན་ལུ་ བྱིན་ཡོད་པའི་ མངོན་གསལ་བྱུང་ནུག།

ཞིབ་དཔྱད་སྙན་ཞུ་དང་་འཁྲིལཝ་ད་ རིན་བསྡུར་གོང་ཚད་བཀོད་མིའི་ནང་ དག་བཅོས་འབད་དེ་ ཌའི་མཱོནཌ་བཟོ་སྐྲུན་གྱི་ གོང་ཚད་དེ་ དམའ་ཤོས་སྦེ་ བཟོ་ཡོདཔ་ཨིན་པས།

ད་རུང་ ཌའི་མཱོནཌ་བཟོ་སྐྲུན་མ་གཏོགས་ ལས་སྡེ་༣ གྱིས་ ཅ་ཆས་ཚུ་གི་ གོང་ཚད་གུ་ བྲིས་བསུབ་དང་ ཨང་གྲངས་ཐེབས་བཙུགས་ཏེ་ཡོདཔ་མ་ཚད་ བསོད་ནམས་རྒྱ་མཚོ་དང་ བོ་རོསི་བཟོ་སྐྲུན་གྱི་ཇོ་བདག་ བསོད་ནམས་རྒྱ་མཚོ་གིས་ ཁོ་རའི་ རིན་བསྡུར་བཀོད་མིའི་ དངུལ་འབོར་རྐྱངམ་གཅིག་མེན་པར་ བཟོ་སྐྲུན་ལས་སྡེ་གཞན་༢ ཀྱི་ གོང་ཚད་མ་དངུལ་དེ་ཡང་ བསྒྱུར་བཅོས་འབད་དེ་ཡོདཔ་ ལྷན་ཚོགས་ཀྱིས་ བདའ་ཟུན་ཡོདཔ་ཨིན་པས།

བསོད་ནམས་རྒྱ་མཚོ་གིས་ རིན་བསྡུར་གྱི་ དངུལ་འབོར་བསྒྱུར་བཅོས་འབད་ཡོད་པའི་སྐོར་ བཟོ་སྐྲུན་ལས་སྡེ་༢ ལུ་ ཤེས་རྟོགས་བྱུང་རུང་ ཁག་འབག་གི་ལཱ་དེ་ ཁོ་ལུ་ འཐོབ་བཅུག་ནིའི་དོན་ལས་ ཉོགས་བཤད་མ་བཀོད་པས་ཟེར་ཨིན་པས།

བསོད་ནམས་རྒྱ་མཚོ་གིས་ རིན་བསྡུར་བཀོད་པའི་སྐབས་ གོང་ཚད་དངུལ་ཀྲམ་ས་ཡ་༣༦.༨ ལས་ མ་བཀོད་རུང་ བསྒྱུར་བཅོས་འབད་དེ་ དངུལ་ཀྲམ་ས་ཡ་༥༠.༧ ལུ་ ཡར་སེང་སྟེ་ བཀོད་ཡོདཔ་ཨིན་པས།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་ཚརཝ་ད་ རིན་བསྡུར་དེ་ ཁག་འབགཔ་ཚུ་གི་ ནང་འཁོད་ལུ་ མགུ་མཐུད་དེ་ རྒྱལ་ཁམས་ལུ་ མགུ་སྐོར་རྐྱབ་ནིའི་ དཔའ་བཅམ་ཡོད་པའི་ ཐབས་ལམ་ཅིག་ཨིནམ་ ཤེས་རྟོགས་བྱུང་ནུག།

ལྷན་ཚོགས་ཀྱིས་ མ་འོངས་པ་ལུ་ ཁག་འབགཔ་གཞན་ཚུ་གིས་ འདི་བཟུམ་མའི་ ཚུལ་མིན་ལག་ལེན་དང་ གཡོ་སྒྱུ་འབད་ནི་ བཀག་ཐབས་ལུ་ བཟོ་སྐྲུན་ལས་སྡེ་༣ བཟོ་སྐྲུན་གྱི་ལཱ་ཚུ་ནང་ བཅའ་མར་གཏོགས་ནི་དེ་ བཀག་ཆ་འབད་དགོཔ་སྦེ་ གྲོས་འདེབས་བཀོད་ཡོད་པའི་གནས་ཚུལ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *