ཆུ་གཡུར་མ་བཟོ་བའི་ཁར་ རྩི་ནག་མ་གཏང་ནི་དེ་གིས་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་ནི་ལུ་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་མས།

བཟོ་སྐྲུན་གྱི་ལཱ་ཚུ་ བསྣར་བཞག་མི་ལུ་བརྟེན་ བྱ་སྟབས་མ་བདེཝ་བྱུང་བའི་ཉོགས་བཤད།

༉ མོང་སྒར་ཁྲོམ་ཁར་སྡོད་མི་ཚུ་གིས་ ཁྲོམ་སྡེའི་ས་གནས་གོང་འཕེལ་གྱི་ལཱ་འབད་མི་ ཁག་འབགཔ་ལུ་ ལཱ་ཚུ་ས་གོ་ཅིག་ནང་ མཐིལ་ཕྱིན་མ་འབད་བའི་ ཉོགས་བཤད་བཀོད་དོ་ཡོདཔ་ཨིན་པས།

ད་རེས་ནངས་པར་ མོང་སྒར་ཁྲོམ་གྱི་ སྤྲེལ་གླིང་-བྱ་རུང་ཁ་ཤོར་ས་གནས་གོང་འཕེལ་གྱི་ལཱ་དང་ བཀའ་གདམས་དགོན་པའི་ འཁོར་ལམ་རྒྱ་སྐྱེད་ཀྱི་ལཱ་ཐོབ་མི་ དབུས་སུཔ་བཟོ་སྐྲུན་ལས་སྡེ་གིས་ ཚར་གཅིག་གུ་ ས་ཁོངས་ཆ་མཉམ་ནང་ ལགཔ་དཀྲོགས་ཞིནམ་ལས་ གྲུབ་འབྲས་མེད་པར་བཞག་མི་དེ་གིས་ འགྲུལ་པ་ཚུ་ལུ་ སྟབས་མ་བདེཝ་བཟོཝ་མས་ཟེར་ཨིན་པས།

མོང་སྒར་ཁྲོམ་གྱི་ཚོང་པ་ ཀུན་བཟང་གིས་ སླབ་མིའི་ནང་ སྤྲེལ་གླིང་ལུ་འབད་བ་ཅིན་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ ལུང་ཕྱོགས་ཡིག་ཚང་ལས་ ཁྲིམས་ཁང་ཚུན་དང་ བྱ་རུང་ཁ་ཤོར་ལས་ སྣུམ་འཁོར་བཅོ་ཁང་བརྒྱུད་དེ་ སྤྲེལ་གླིང་ཚུན་ དེ་ལས་ མོང་སྒར་སློབ་གྲྭ་ཆེ་བ་ལས་ བཀའ་གདམས་དགོན་པ་ཚུན་ འཁོར་ལམ་རྒྱ་སྐྱེད་ཐོག་ རྡོ་ཞིབ་འབད་ཡོད་རུང་ ཆུ་གཡུར་མ་བཟོ་བའི་ཁར་ རྩི་ནག་མ་གཏང་པར་ཡོད་མི་དེ་གིས་ ས་ཁོངས་ཚུ་ནང་ ག་ཏེ་འགྱོ་རུང་ དཀའ་ངལ་ཐོནམ་མས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ལམ་འགྲུལ་ཉེན་སྲུང་ཡིག་ཚང་ལས་ ཁྲིམས་ཁང་གི་ལམ་བདའ་སྟེ་ ཆུ་གཡུར་གྱི་དོན་ལུ་ ས་དོང་སྦོམ་བརྐོ་བཞག་མི་ལུ་བརྟེན་ ལམ་ཆུང་ནི་དེ་གིས་ ཟུར་འགྱོ་བའི་སྐབས་ སྣུམ་འཁོར་༢ དེ་ཅིག་ ཆུ་གཡུར་གྱི་དོང་ནང་ བུད་སོ་ཡི་ཟེར་ཨིན་པས།

དེ་མ་ཚད་ ཨ་ལོ་ཚུ་ཡང་ རྩེདམོ་རྩེ་བའི་སྐབས་ ཆུ་གཡུར་གྱི་དོང་ཚུ་ནང་ བུད་འགྱོ་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།

ཞི་གཡོགཔ་ཅིག་གིས་ སླབ་མིའི་ནང་ ད་རེས་ནངས་པར་ ཁོ་གིས་ སྣུམ་འཁོར་བཅོ་ཁང་གི་ ས་ཁོངས་ནང་ཡང་ སྣུམ་འཁོར་ཆུ་འཁྱུ་བར་འགྱོ་ནི་དེ་ སྐབས་ཅིག་སྤངས་མི་དེ་ཡང་ སྣུམ་འཁོར་ལམ་ཚུ་ ཐདམ་ཐད་ཁར་ མེདཔ་བཏང་ཡོད་པའི་ཁར་ གླ་རིན་སྤྲོད་དེ་ སྣུམ་འཁོར་འཁྱུ་རུང་ ཐལཝ་དང་འདམ་གྱིས་ མེདཔ་བཏང་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།

ཀུན་བཟང་གིས་ སླབ་མིའི་ནང་ ཁག་འབགཔ་དེ་གིས་ ས་ཁོངས་ཅིག་ནང་ ལཱ་མཇུག་བསྡུ་བའི་ཤུལ་ལས་ རིམ་པ་བཞིན་དུ་སྦེ་ སོ་སོར་ནང་ སྤོ་བཤུད་འབད་བ་ཅིན་ སྟབས་མ་བདེཝ་དེ་ཅིག་ མི་འཐོན་ནི་མས་ཟེར་ཨིན་པས།

ཁོ་གིས་ བཤད་མིའི་ནང་ ལཱ་ཚུ་ ཧེ་མ་ལས་མཇུག་མ་བསྡུ་བ་ཅིན་ གནམ་བྱཱར་གྱི་དུས་ཚོད་ནང་ ཆརཔ་རྐྱབ་པའི་སྐབས་ གནས་སྟངས་ག་དེ་སྦེ་འོང་ག་ མནོ་མི་ཚུགས་པས་ཟེར་ཨིན་པས།

དེ་བཟུམ་སྦེ་ སྤྲེལ་གླིང་ལུ་ ཁག་འབག་དེ་གིས་ ལམ་བཏོན་པའི་སྐབས་ རང་ལུགས་ཀྱི་ཁྱིམ་ཅིག་ལུ་ ཉེན་ཁ་ཆེ་བའི་ ཉོགས་བཤད་བཀོད་མི་ ཐོན་ཡོད་མི་དེ་ ཁག་འབག་གིས་ རྩིགཔ་རྐྱབ་སྟེ་ ཉེན་སྲུང་ལྡནམ་སྦེ་ བཟོ་བྱིན་ནུག།

མི་ལ་ལོ་ཅིག་གིས་ སླབ་མིའི་ནང་ རྫོང་ཁག་གིས་ གོང་འཕེལ་གྱི་ལས་སྣ་ཁག་༢ པོ་ཆ་ར་ ཁག་འབགཔ་ཅིག་ལུ་སྤྲོད་ནི་མེན་པར་ ཁག་འབག་སོ་སོར་ལུ་སྤྲོད་རུང་ གྲུབ་འབྲས་ལེགས་ཤོམ་ འཐོན་ཐོནམ་འོང་ཟེར་ཨིན་པས།

རྫོང་ཁག་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ གོང་འཕེལ་ཆུང་བའི་ལས་འགུལ་གྱི་ མ་དངུལ་ཐོག་ལས་ཨིན་མི་ གོང་འཕེལ་གྱི་ལཱ་ཁག་༢ ཀྱི་དོན་ལུ་ རིན་བསྡུར་ནང་ བཅའ་མར་གཏོགས་མི་ ཁག་འབགཔ་༢ རྐྱངམ་གཅིག་ཡོད་ས་ལས་ གཉིསཔོ་ཆ་ར་ དབུས་སུཔ་བཟོ་སྐྲུན་ལས་སྡེ་གིས་ ཐོབ་ཅི་ཟེར་ཨིན་པས།

བཟོ་སྐྲུན་གྱི་ལཱ་དེ་ དུས་ཅི་སྤྱི་ཟླ་༡༠ པའི་ཚེས་༡༥ ཚུན་ ཟླ་ངོ་༡༦ གི་དོན་ལུ་ དངུལ་ཀྲམ་ས་ཡ་༤༠.༡༥ སྦེ་སྤྲོད་ཡོདཔ་ད་ ཁག་འབག་གི་གན་ཡིག་ནང་ ཁྲོམ་ལམ་དང་ ཆུ་གཡུར་ རྩིགཔ་རྐྱབ་ནི་ཚུ་ ཚུད་ཡོདཔ་ཨིན་པས།

དབུས་སུཔ་བཟོ་སྐྲུན་གྱི་ ས་ཁོངས་བཟོ་རིག་འགོ་དཔོན་ དཔལ་ལྡན་རྡོ་རྗེ་གིས་ སླབ་མིའི་ནང་ ད་ལྟོ་ ལཱ་གི་གྲུབ་འབྲས་དེ་ ཧ་ལམ་བརྒྱ་ཆ་༧༠ དེ་ཅིག་ མཇུག་བསྡུ་ཡོདཔ་བཞིན་དུ་ ཁག་འབག་གན་ཡིག་དང་འཁྲིལཝ་ད་ ཧེང་མགྱོགས་ཡོད་ཟེར་ཨིན་པས།

ཁག་འབག་གི་ལཱ་དེ་ ཁྲོམ་གྱི་ས་ཁོངས་ནང་ འབད་ནི་དེ་གིས་ ལཱ་འབད་བའི་སྐབས་ ས་ཁོངས་དང་འབྲེལ་བའི་ སྟབས་མ་བདེཝ་ཚུ་ཐོན་མི་དང་ ལཱ་ཐེབས་ཐོབ་མི་ཚུ་ལུ་བརྟེན་ མནོ་བཞིན་དུ་ འགྱོ་མི་བཏུབ་པས་ཟེར་ དཔལ་ལྡན་རྡོ་རྗེ་གིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ཁྲོམ་གྱི་ཆུ་གཡུར་མང་ཤོས་ནང་ རྩི་སའི་ཆུ་དུང་བཙུགས་དགོ་ནི་དེ་གིས་ ས་དོང་སྦོམ་སྦེ་ བརྐོ་དགོཔ་ཐོན་ཡོདཔ་ད་ ཆུ་དུང་ཚུ་ ས་ཁོངས་ནང་ལྷོད་ཡོདཔ་བཞིན་དུ་ བདུན་ཕྲག་༡ དེ་ཅིག་གི་རྒྱབ་ལས་ བཙུགས་ནིའི་ལཱ་ཚུ་ འགོ་བཙུགས་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།

དེ་མ་ཚད་ འགྲོ་འགྲུལ་བཀག་དམ་ལུ་བརྟེན་ ལཱ་ལུ་ཐོ་ཕོག་མི་དེ་གིས་ དུས་ཡུན་ཐེབས་འཐོབ་ནི་ཨིན་རུང་ ལཱ་ཚུ་འཕྲོ་མཐུད་འབད་བའི་བསྒང་ཡོདཔ་ལས་ ཁག་འབག་གི་དུས་ཚོད་དང་འཁྲིལ་ སྤྱི་ཟླ་༡༠ པའི་ནང་འཁོད་ལུ་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར་ཁྲོམ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *