སློབ་ཕྲུག་ཚུ་གིས་ དཔེ་སྟོན་དོན་ལུ་ འབག་བཏུབ་པའི་གསང་སྤྱོད་ བཟོ་བའི་བསྒང་།

བཟོ་རིག་སློབ་ཕྲུག་ཚུ་གིས་ ཚུལ་མཐུན་གསང་སྤྱོད་བཟོ་ནི་ལུ་ གོ་སྐབས་ལེན་དོ་ཡོདཔ།

༉ ཕུན་ཚོགས་གླིང་ལུ་ཡོད་མི་ ཚན་རིག་དང་འཕྲུལ་རིག་སྤེལ་ཁང་གིས་ འཕྲལ་ཁམས་ཅིག་ཁར་ གསང་སྤྱོད་བཟོ་བཀོད་ཀྱི་ འགྲན་བསྡུར་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་སྐབས་ སྤེལ་ཁང་གི་ བཟོ་རིག་སློབ་ཕྲུག་༡༠༠ དེ་ཅིག་གིས་ འབྲུག་ལུ་ གསང་སྤྱོད་བཟོ་ནིའི་དོན་ལུ་ ཁོང་གིས་བཟོ་བཀོད་འབད་ཡོད་མི་ གསང་སྤྱོད་ཚུའི་སྐོར་ལས་ གསལ་སྟོན་འབད་ཚུགས་ཡོདཔ་ཨིན་པས།

འབྲུག་གསང་སྤྱོད་ལས་ཚོགས་ཀྱིས་ ཇ་པཱན་ལུ་ཡོད་མི་ རོ་ཊ་རི་ཀ་ལབ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ རྒྱལ་སྤྱི་ཇུ་ནི་ཡར་ཅེམ་བར་གྱིས་ སྤེལ་ཁང་དེ་ནང་ འགྲན་བསྡུར་ལས་རིམ་དེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

ལས་རིམ་དེ་གི་ དམིགས་གཏད་ངོ་མ་ར་ འབྲུག་གི་བཟོ་རིགཔ་ཚུ་གིས་ རྒྱལ་ཁབ་ནང་ ཚུལ་མཐུན་གསང་སྤྱོད་ བཟོ་ནིའི་དོན་ལུ་ མནོ་བསམ་གཏང་བཅུག་ཐབས་ལུ་ཨིན་པའི་ཁར་ ལས་རིམ་དེ་ནང་ ཡུན་བརྟན་དང་ ག་ལྷོད་སར་ འབག་ཚུགས་པའི་གསང་སྤྱོད་ཀྱི་ བཟོ་བཀོད་འབད་ཡོད་མི་སྡེ་ཚན་གྱིས་ དོ་འགྲན་ནང་ལས་རྒྱལ་ཁ་ཐོབ་སྟེ་ དངུལ་རྐྱང་གི་གསོལ་རས་༥༠,༠༠༠ ཐོབ་ཡོདཔ་ཨིན་པས།

ལོ་ངོ་གསུམ་པའི་ ཞི་བའི་བཟོ་རིགཔ་དང་ རྒྱལ་ཁ་ཐོབ་མིའི་ འཐུས་མི་ཡང་ཨིན་མི་ བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་རའི་སྡེ་ཚན་གྱིས་ གསང་སྤྱོད་དེ་གི་བཟོ་བཀོད་དོན་ལུ་ ཆ་ཤས་གསུམ་ཡོད་ཟེར་ཨིནམ་ད་ དེ་ཡང་ གསང་སྤྱོད་དེ་ འབག་ཚུགས་པའི་ཁར་ ཡུན་བརྟན་ཡོད་མི་དང་ དོན་དང་ལྡན་པ་ཅིག་སྦེ་ བཟོ་བཀོད་འབད་དེ་ཡོད་ཟེར་ཨིན་པས།

གསང་སྤྱོད་དེ་ཡང་ ནང་འཁོད་ཀྱི་མཐུན་རྐྱེན་ སྤག་ཤིང་ལག་ལེན་འཐབ་སྟེ་ བཟོ་ཚུགསཔ་ལས་ སྤག་ཤིང་དེ་ རྒྱལ་ཁབ་ནང་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགས་པའི་ཁར་ ག་ཏེ་ལས་ཡང་ ཁེ་ཏོག་ཏོ་སྦེ་ འཐོབ་ཚུགས་པས་ཟེར་ཨིན་པས།

སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་པའི་ཤུལ་ལས་ སླབ་མིའི་ནང་ བཟོ་བཀོད་དེ་ འཇམ་ཏོང་ཏོ་སྦེ་མེདཔ་བཏང་སྟེ་ ས་གནས་གཞན་ཁར་འབག་ཚུགསཔ་སྦེ་ བཟོ་ཡོད་པའི་ཁར་ ནང་འཁོད་ལས་འཐོབ་ཚུགས་མི་ སྤག་ཤིང་ལག་ལེན་འཐབ་སྟེ་ རང་ལུགས་ཀྱི་བཟོ་བཀོད་དང་ལྡན་སྦེ་ ཡོད་ཟེར་ཨིན་པས།

བསོད་ནམས་རྡོ་རྗེ་གིས་ བཤད་མིའི་ནང་ གསང་སྤྱོད་དེ་གི་ནང་ན་ ཆུ་དང་ཆུ་མཛོད་ཁང་ དེ་ལས་ ཆབ་གསང་བཤལ་གཏང་ནིའི་མཐུན་རྐྱེན་ཚུ་ཡོད་པའི་ཁར་ བཙོང་མཛོད་དེ་ནང་ཡང་ ཆུ་དང་ཕྱགས་སྙིགས་ཚུ་ སོ་སོར་སྦེ་ཕྱེ་སྟེ་ ལོག་སྤྱོད་བཏུབ་ཟེར་ཨིན་པས།

དེ་བཟུམ་མའི་ ལས་རིམ་དེ་ འགོ་དང་པ་ འགོ་འདྲེན་འཐབ་དོ་ཡོད་པའི་ཁར་ སྤེལ་ཁང་དེ་ནང་ལས་ སྡེ་ཚན་༤༠ དེ་ཅིག་གིས་ བཅའ་མར་གཏོགས་ཡོད་མི་ལས་ སྡེ་ཚན་༢༣ གྱི་ བཟོ་བཀོད་ཀྱི་ཡིག་ཆ་ཚུ་ ངོས་ལེན་འབད་དེ་ ལེན་པའི་ཤུལ་ལས་ སྡེ་ཚན་༡༠ གྱི་ཡིག་ཆ་ཚུ་ མཐའ་བཅད་ཀྱི་ བཟོ་བཀོད་འགྲན་བསྡུར་དོན་ལུ་ གདམ་འཐུ་འབད་ཡོདཔ་ཨིན་པས།

སྡེ་ཚན་རེ་ནང་ ལཱ་འབད་མི་ སློབ་ཕྲུག་༤ དང་༥ འི་བར་ན་ཡོད་པའི་ཁར་ འབྲུག་གསང་སྤྱོད་ལས་ཚོགས་ཀྱི་ བཀོད་ཁྱབ་མདོ་ཆེན་ ཆབ་སློབ་པ་སངས་ཚེ་རིང་གིས་ སླབ་མིའི་ནང་ ད་ལྟོ་ཡོད་མི་ རྒྱལ་ཁབ་ནང་འཁོད་ཀྱི་ གསང་སྤྱོད་ཚུ་ ལག་ལེན་འཐབ་པའི་སྐབས་ ལག་ལེན་འཐབ་མི་ཚུ་ལུ་ མཐུན་ཏོག་ཏོ་ཅིག་ མིན་འདུག་ཟེར་ཨིན་པས།

གསང་སྤྱོད་དེ་ཚུ་ ང་བཅས་ཀྱི་ བཟོ་རིགཔ་ཚུ་གིས་རྐྱབ་ཡོདཔ་ལས་ འགྲན་བསྡུར་དེ་གིས་ ན་གཞོན་བཟོ་རིག་པ་ཚུ་ལུ་ གསང་སྤྱོད་དེ་ ག་དེམ་ཅིག་ ཁག་ཆེཝ་ཨིན་ན་ ཧ་གོ་བཅུག་ནིའི་ གོ་སྐབས་བྱིནམ་ཨིན་ཟེར་ཨིན་པས།

པ་སངས་ཚེ་རིང་གིས་ སླབ་མིའི་ནང་ དེ་བཟུམ་མའི་ འགྲན་བསྡུར་དེ་གིས་ རྒྱལ་ཁབ་ནང་ལས་ བཟོ་བཀོད་མཐུན་ཏོག་ཏོ་ཡོད་མི་ གསང་སྤྱོད་བཟོ་སྐྲུན་འབད་ཚུགས་ནིའི་དོན་ལུ་ བཟོ་བཀོད་སྣ་ཚོགས་ཐོབ་ཚུགས་ནིའི་ རེ་བ་ཡོད་ཟེར་ཨིན་པས།

ཨིན་རུང་ ལས་རིམ་དེ་ འགོ་དང་པ་ཨིནམ་ལས་ སྤེལ་ཁང་གི་ བཟོ་རིག་སློབ་ཕྲུག་༩༠༠ ལུ་ གསང་སྤྱོད་ཁག་ཆེ་བའི་སྐོར་ལས་ གོ་བརྡ་སྤྲོད་ནི་དེ་ གལ་ཆེ་བས་ཟེར་ ཁོ་གིས་བཤད་ཅི།

ལས་ཚོགས་དེ་གིས་ སྤེལ་ཁང་དེ་ནང་དང་ རྒྱལ་ཁབ་ནང་འཁོད་ཀྱི་ མཐོ་རིམ་སློབ་གྲྭ་ཚུ་ནང་ ངོ་ཚབ་ངོས་འཛིན་འབད་ཡོདཔ་ད་ སྤེལ་ཁང་དེ་གི་ངོ་ཚབ་ བཀྲིས་རྒྱ་མཚོ་གིས་ བཤད་མིའི་ནང་ ད་རེས་ནངས་པར་ གསང་སྤྱོད་ཀྱི་ གནས་སྟངས་ཚུ་ ཡར་དྲག་འགྱོ་དོ་ཟེར་ཨིན་པས།

སྤེལ་ཁང་དེ་ནང་ ལས་ཚོགས་ཀྱི་ སྡེ་ཕྲན་ཡོད་མི་གིས་ སྤེལ་ཁང་གི་གསང་སྤྱོད་ཚུ་ ཧིང་སངས་ས་བཞག་ནི་དང་ འཁྱུ་ནིའི་ལཱ་ཚུ་འབད་ནི་ཡོད་ཟེར་ ཁོ་གིས་བཤད་པའི་ཁར་ མི་རློབས་ལེ་ཤ་ཡོད་པའི་ ས་ཁོངས་ནང་ དེ་འཕྲོ་ལས་ ཁྱད་པར་སྦོམ་བཟོ་མ་ཚུགས་ཏེ་འབད་རུང་ སྡེ་ཕྲན་གྱིས་ལཱ་ཚུ་ རྩ་འགེངས་ཏེ་འབད་དོ་ཟེར་ཨིན་པས།

སྡེ་ཕྲན་དེ་ ན་ཧིང་ལས་ འགོ་བཙུགས་ཡོདཔ་ད་ འགྲན་བསྡུར་གྱི་ཉིནམ་ལུ་ ཨི་ཀོ་ པོ་ཏི་སྡེ་ཚན་ལུ་ ཨང་གཉིས་པའི་གསོལ་རས་དངུལ་ཀྲམ་༣༠,༠༠༠ བྱིན་ཡོདཔ་ད་ སྡེ་ཚན་གཞན་༣ ལུ་ དངུལ་ཀྲམ་༡༠,༠༠༠ རེ་ བྱིན་ཡོདཔ་ད་ པ་སངས་ཚེ་རིང་གིས་ སླབ་མིའི་ནང་ དུས་ཅིའི་ལོ་ནང་ ལས་ཚོགས་ཀྱིས་ དེ་བཟུམ་མའི་ འགྲན་བསྡུར་ནང་ གཙོ་རིམ་བཟུང་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *