ལམ་སེལ་བཟོ་རིག་འགོ་དཔོན་ཚུ་གིས་ ཟམ་བཙུགས་སྒྲིག་འབད་བའི་བསྒང་།

བཟོ་རིག་འགོ་དཔོན་ཚུ་ ཟམ་བཟོ་སྐྲུན་ནང་ འབྲེལ་འཛིན་འབད་དོ་ཡོདཔ།

༉ བསམ་རྩེ་དང་ ཧཱ་གཞུང་ལམ་གྱི་བར་ན་ སྣུམ་འཁོར་ཚུ་ དུས་རྒྱུན་དུ་ འགྲོ་འགྲུལ་འབད་ཚུགསཔ་སྦེ་ བཞག་ཐབས་ལུ་ ལམ་སེལ་ལས་ཁུངས་ཀྱི་ ལུང་ཕྱོགས་ཡིག་ཚང་ལས་ བཟོ་རིག་འགོ་དཔོན་༡༥ དེ་ཅིག་གིས་ རང་རྩེ་ཆུ་ལས་གུ་ལས་ རིང་ཚད་ཕིཊ་༦༠ འབད་མི་ ལྕགས་ཟམ་ཅིག་ བཙུགས་སྒྲིག་འབད་བའི་བསྒང་ཡོདཔ་ཨིན་པས།

ཟམ་རྐྱབ་མི་ སྡེ་ཚན་དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢༧ ལུ་ ཐིམ་ཕུག་བོད་སྒར་ནང་ལུ་ ལྕགས་ཀྱི་རྐང་ཟམ་ཅིག་ བཙུགས་སྒྲིག་འབད་དེ་ དེ་གི་ནངས་པར་ རང་རྩེ་ལུ་ སོང་ཡོདཔ་ཨིན་པས།  

ལམ་སེལ་ལས་ཁུངས་ཀྱི་ འགན་འཁྲི་དེ་ དབང་འདུས་ཕོ་བྲང་-གསར་སྤང་ ཀྲོང་གསར་-དགེ་ལེགས་ཕུག་ བསམ་གྲུབ་ལྗོངས་མཁར་-བཀྲིས་སྒང་ དེ་ལས་ མོང་སྒར་དང་ ངང་ལམ་- རྒྱལ་པོའི་ཞིང་དང་ བསམ་རྩེ་-ཧཱ་གི་བར་ནའི་ གཞུང་ལམ་ཚུ་ དུས་ཨ་རྟག་ར་ རྒྱུན་འགྲུལ་འཐབ་ཚུགསཔ་ ངེས་བརྟན་བཟོ་ནི་དེ་ཨིན་པས།  

ད་ཚུན་ རང་རྩེ་ཆུ་གུ་ལས་ ཟམ་མེད་པའི་ཁར་ གནམ་བྱཱར་གྱི་ ཆར་ཆུ་ལུ་བརྟེན་ གཞུང་ལམ་བདའ་སྟེ་ རྒྱུན་འགྲུལ་འཐབ་མ་ཚུགས་པའི་ དཀའ་ངལ་བྱུངམ་ཨིན་པས།

ལམ༌སེལ༌ལས༌ཁུངས༌ཀྱི༌ བཟོ་རིག་གཙོ་འཛིན་ ཕྱག༌རྡོར༌རྒྱལ༌མཚན༌གྱིས༌ སླབ༌མིའི༌ནང༌ ནད་ཡམས་ཀྱི་སྐབས་ལུ་ ལས་སེལ་ལས་ཁུངས་ཀྱི་ འགན་ཁུར་དེ་ ཧཱ༌དང༌ བསམ༌རྩེ་བར་ནའི་ གཞུང༌ལམ༌རྒྱུན་སྐྱོང་འབད་དགོ་མི་དེ་ཡང་ གལ་སྲིད་ ཕུན་ཚོགས་གླིང་གི་ གནས་སྟངས་དེ་ སྐྱོ་དྲགས་འགྱོ་བ་ཅིན་ ཉེ་བའི་མཁོ་བཟང་ ཅ་ཆས་ཚུ་ བསམ་རྩེ་དང་ ཧཱ་གཞུང་ལམ་ལས་ སྐྱེལ་འདྲེན་འབད་ཐབས་ལུ་ཨིན་ཟེར་ བཤདཔ་ཨིན་པས།

ཁོ༌གིས༌འབད་བ་ཅིན་ ལག་ཤེསཔ་ཅན་གྱི་ ལས་མི་ཚུ་མེདཔ་ལས་ བཟོ་རིག་འགོ་དཔོན་ཚུ་ ཟམ་བཙུགས་སྒྲིག་གི་ལཱ་ཚུ་ནང་ འབྲེལ་འཛིན་འབད་དགོཔ་ བྱུང་ཡི་ཟེར་ཨིནམ་ད་ ཟམ་དེ་ བཟོ་རིགཔ་ཚུ་གིས་ ཉིནམ་༢ ནང་ བཟོ་སྐྲུན་འབད་ཚུགསཔ་ཨིན་རུང་ ཁག་འབགཔ་ཚུ་གིས་ བདུན་ཕྲག་ལས་བཅད་དེ་ འགོར་ནི་དང་ རིན་བསྡུར་ཐོག་ ལཱ་བྱིནམ་ད་ ཟླཝ་༤ ལྷག་འོང་ཟེར་ཨིན་པས།

བཟོ་རིག་གཙོ་འཛིན་གྱིས་ སླབ་མིའི་ནང་ བཟོ་སྐྲུན་གྱི་ལཱ་དེ་ ཁག་འབགཔ་ལུ་ བྱིན་པ་ཅིན་ དངུལ་ཀྲམ་༣༠༠,༠༠༠ ལས་༥༠༠,༠༠༠ གི་བར་ན་ ཟད་འགྲོ་གནས་ནི་ཨིན་རུང་ བཟོ་རིག་འགོ་དཔོན་དང་ དེད་གཡོགཔ་ཚུ་ལུ་ ཉིན་འཐུས་བྱིན་མི་དེ་གིས་ ཟད་འགྲོ་བསྡོམས་༧༠,༠༠༠ དེ་ཅིག་ལས་བརྒལ་ མི་གནས་ཟེར་ཨིན་པས།

ན༌ཧིང༌ སྤྱི་ཟླ་༥ པའི་ཚེས་༡༦ ལུ་ ལམ་ལེས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་ཚུ་གིས་ གཞུང་ལམ་བདའ་སྟོ་ཡོད་མི་ གླང་ཆུ་ཟམ་དེ་ བཟོ་སྐྲུན་འབད་ཡོདཔ་ཨིན་པས།

ལམ༌སེལ༌ལས་ཁུངས་ཀྱི་ ནུབ་ཕྱོགས་ལུང་ཕྱོགས་ཡིག་ཚང་གི་ བཟོ་རིག་བཀོད་ཁྱབ་འགོ་དཔོན་ ཀརྨ༌ཚེ༌དབང༌གིས༌ སླབ༌མིའི༌ནང༌ ཆུ༌གུ༌ལུ༌ ཟམ༌རྐྱབ༌ནིའི༌དོན༌ལས་ བཟོ༌རིག༌འགོ༌དཔོན༌ཚུ༌ལུ༌ ཤེས༌ཚད༌རྐྱངམ༌གཅིག༌མེན༌པར༌ ལག་ལེན་དངོས་བསྟར་གྱི་ སྦྱོང་བརྡར་དགོཔ་གལ་ཆེ་ཟེར་ཨིན་པས།

ཧཱ༌དང༌ བསམ༌རྩེའི་གཞུང་ལམ་དེ་ ནམ་ར་འབད་རུང་ རྒྱུན་འགྲུལ་འཐབ་ཚུགས་ནིའི་དོན་ལུ་ ལམ་རྒྱུན་སྐྱོང་མཁོ་ཆས་ ས་བརྐོ་འཕྲུལ་ཆས་ཚུ་ གཞུང་ལམ་བདའ་སྟེ་ བཞག་ཡོད་པའི་གནས་ཚུལ།

བསྟན་འཛིན་དབང་འདུས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *