༉ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་ སྙན་ཞུ་དང་འཁྲིལཝ་ད་ འབྲུག་གི་བཟོ་གྲྭ་འཕྲུལ་ཁང་ཚུ་གིས་ སྤྱི་ལོ་༢༠༡༥ དང་ཕྱདཔ་ད་ སྤྱི་ལོ་༢༠༡༦ ལུ་ གློག་ཤུགས་སྤྱོད་མིའི་ ཚད་གཞི་དེ་ མར་བབས་སོང་ནུག་ཟེར་ཨིན་པས།
སྤྱིར་བཏང་བཟོ་གྲྭ་འཕྲུལ་ཁང་ཚུ་གིས་ གློག་ཤུགས་བརྒྱ་ཆ་༧༣ དང་ ཁྱིམ་གུང་ཚུ་གིས་ གློག་ཤུགས་བརྒྱ་ཆ་༢༧ དེ་ཅིག་ སྤྱོད་དོ་ཡོདཔ་ད་ མ་དངུལ་གྱི་ཐད་ལས་འབད་རུང་ བཟོ་གྲྭ་ཁང་ཚུ་གིས་ མང་སུ་བཟོ་དོ་ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༦ ལུ་ ཁྱིམ་གུང་ཚུ་ནང་ གློག་མེ་སྤྱོད་མི་དེ་ ཡར་སེང་སོང་ཡོད་རུང་ བཟོ་གྲྭ་ཁང་ཚུ་ནང་ མར་བབས་སོང་ནུག་ཟེར་ཨིནམ་ད་ དེ་ཡང་ བཟོ་གྲྭ་ས་ཁོངས་ཀྱིས་ བརྒྱ་ཆ་༥༦ དང་ མི་སྡེ་དང་སྒེར་གྱི་ཞབས་ཏོག་གིས་ བརྒྱ་ཆ་༡༧ དེ་ལས་ གློག་ཤུགས་དང་ཆུའི་ཞབས་ཏོག་གིས་ བརྒྱ་ཆ་༡༦ དང་ བཟའ་ཁང་དང་སྐྱེལ་འདྲེན་ བརྡ་དོན་ལས་ཁུངས་ཀྱིས་ བརྒྱ་ཆ་༣ དེ་ཅིག་ སྤྱོད་ཡོདཔ་ཨིན་པས།
དངུལ་གྱི་ཐོག་ལས་འབད་བ་ཅིན་ གློག་མེ་བཀྲམ་སྤེལ་དེ་ སྤྱི་ལོ་༢༠༡༥ ལུ་ དངུལ་ཀྲམ་ས་ཡ་༡༤,༢༧༧ ལས་ སྤྱི་ལོ་༢༠༡༦ ལུ་ དངུལ་ཀྲམ་ས་ཡ་༡༤,༨༤༦ ལུ་ ཡར་སེང་སོང་མི་དེ་ བརྒྱ་ཆ་༢ ཀྱིས་ ཡར་སེང་འགྱོ་བའི་ བརྡ་མཚོན་ཨིན་པས།
སྤྱི་ལོ་༢༠༠༠ དང་༢༠༡༦ གི་བར་ན་ གློག་ཤུགས་ཕྱིར་ཚོང་གི་ ཐོན་སྐྱེད་ཡར་སེང་དེ་ ཉུང་ཤོས་བརྒྱ་ཆ་༡༠ གྱི་བར་ན་ཡོདཔ་ཨིན་རུང་ དེ་གི་ཤུལ་ལས་ ཕྱིར་ཚོང་མར་བབས་སོང་སྟེ་ཡོདཔ་ད་ སྤྱི་ལོ་༢༠༡༦ ལུ་ གློག་ཤུགས་ཕྱིར་ཚོང་དེ་ བརྒྱ་ཆ་༤ དེ་ཅིག་ ཡར་སེང་སོང་ཡོདཔ་ད་ ནང་འདྲེན་ཐད་ཁར་ བརྒྱ་ཆ་༣༠ དེ་ཅིག་ མར་བབས་སོང་ཡོདཔ་ཨིན་པས།
ས་སྣུམ་གྱི་རིགས་ལས་འབད་བ་ཅིན་ སྤྱི་ལོ་༢༠༡༥ ལུ་ ཀི་ལོ་ལི་ཊར་༡༥༥,༩༧༢ བཀྲམ་སྤེལ་འབད་མི་ལས་ སྤྱི་ལོ་༢༠༡༦ ལུ་ ཀི་ལོ་ལི་ཊར་༡༦༣,༤༩༩ འབད་མི་དེ་ བརྒྱ་ཆ་༥ ཡར་སེང་སོང་ཡོདཔ་ད་ སྣུམ་འཁོར་ནང་འདྲེན་དེ་ཡང་ ཡར་སེང་སོང་སྟེ་ཡོདཔ་ད་ དེ་ཡང་ སྒེར་གྱི་དོན་ལུ་ ནང་འདྲེན་བརྒྱ་ཆ་༦༢.༤༢ འབད་ཡོདཔ་ཨིན་པས།
གྱུར་རྡོ་ཕོ་སིལ་གྱི་ སྤྱོད་ཚད་ཡར་སེང་སོང་མི་དེ་ རྒྱ་གར་གྱི་ལྟ་བཤལཔ་འོང་མི་ཚུ་གིས་ སྤྱོད་མི་ཚུ་བརྩིས་ཏེ་ཨིནམ་ད་ ཐབ་ཤིང་གི་ཐད་ཁར་ གྲོང་གསེབ་མི་སྡེའི་དོན་ལུ་ ཉེ་བར་མཁོ་བའི་མཐུན་རྐྱེན་ཅིག་འབདཝ་ལས་ སྤྱི་ལོ་༢༠༡༠ དང་ཕྱདཔ་ད་ སྤྱི་ལོ་༢༠༡༦ ལུ་ བརྒྱ་ཆ་༡༥ ཡར་སེང་སོང་ཡོདཔ་ཨིན་པས།
ཐབ་ཤིང་ཚུ་ཡང་ རང་བཞིན་སླར་འབྱུང་ཐོན་སྐྱེད་དང་ནགས་ཚལ་ལས་ཁུངས་ དེ་ལས་ གླིང་ཁ་དང་ནགས་ཚལ་ལས་ཁུངས་ཚུ་གིས་ བཀྲམ་སྤེལ་འབད་མི་ལས་ བརྒྱ་ཆ་༣༢ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱིས་ བཀྲམ་སྤེལ་འབད་ཡོདཔ་ད་ ནགས་ཚལ་དང་གླིང་ཁ་ཞབས་ཏོག་ལས་ཁུངས་དང་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ བརྒྱ་ཆ་༦༨ བཀྲམ་སྤེལ་འབད་ཡོདཔ་ཨིན་པས།
ཐབ་ཤིང་ལག་ལེན་འཐབ་མི་དེ་ ཁྱིམ་གུང་དང་ བཟོ་གྲྭ་ཁང་གཉིས་ཆ་རའི་ནང་ སྤྱི་ལོ་༢༠༡༦ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱིས་ རྡོའི་བཀྲམ་སྤེལ་ཐད་ཁར་ སྤྱི་ལོ་༢༠༡༦ ལུ་ བརྒྱ་ཆ་༣ མར་བབས་སོང་ཡོདཔ་ད་ རྡོ་བཀྲམ་སྤེལ་གྱི་ གནས་སྡུད་ཚུ་ཡང་ ས་གཏེར་ལས་ཁུངས་དང་ བསྟན་རྒྱས་ལྷན་ཁག་གིས་ རྩིས་དཔྱད་བཀོད་འཛིན་དང་གཅིག་ཁར་ བརྗེ་སོར་འབདཝ་ཨིན་པས།
བཀོད་འཛིན་གྱིས་ ད་རེས་འགོ་དང་པ་ རང་བཞིན་དང་དཔལ་འབྱོར་རྩིས་ཁྲའི་ སྙན་ཞུ་བཀོད་མི་དེ་ ད་ཚུན་ གནས་སྡུད་བཞག་ཡོད་མི་ཚུ་དང་འཁྲིལ་ བཟོ་ཡོད་རུང་ མ་འོངས་པའི་ནང་ གནས་སྡུད་ཡོངས་རྫོགས་སྦེ་ བཟོ་ནིའི་འཆར་གཞི་ཡོདཔ་ཨིན་པས།
གནས་སྡུད་ཚུ་བསྡུ་སྒྲིག་འབད་ནིའི་དོན་ལུ་ བཀོད་འཛིན་གྱིས་ གཞུང་དང་གཞུང་མིན་ལས་སྡེ་ཚུ་དང་གཅིག་ཁར་ འབྲེལ་བ་བཟོ་ནིའི་ དམིགས་གཏད་ཡོདཔ་ད་ དེ་ཡང་ མི་སྟོབས་ལྕོགས་གྲུབ་ཅན་དང་ རང་བཞིན་གནས་སྟངས་ཀྱི་ རྩིས་བཀོད་དང་འབྲེལ་བའི་ སྦྱོང་བརྡར་ཚུའི་ཐོག་ལས་ འབད་དགོ་ནི་ཨིན་པའི་གནས་ཚུལ།
བཀྲིས་བསྟན་འཛིན།