བཟོ་གྲྭ་ཆུང་བ་དང་བར་མའི་ དཀའ་ངལ་སེལ་ཐབས་ལུ་ བཟོ་གྲྭ་ས་ཁོངས་བར་མ་ གཞི་བཙུགས་འབད་ནི།

༉ བཟོ་གྲྭ་ཆུང་བ་དང་བར་མའི་དོན་ལུ་ ད་རེས་ནངས་པར་ མཐུན་རྐྱེན་གོང་འཕེལ་གཏང་ནི་དང་ ས་འཐོབ་ནི་ དེ་ལས་ མ་རྩ་བཙུགས་ནི་དང་ རིག་རྩལ་ཅན་གྱི་ལས་མི་དང་ འཕྲུལ་རིག་ཚུ་ ལངམ་སྦེ་མེད་པའི་ དཀའ་ངལ་བྱུང་སྟེ་ཡོདཔ་ཨིན་པས།

ཨིན་རུང་ ལས་སྡེ་གཞི་བཙུགས་ཀྱི་ལཱ་ཚུ་ མཇུག་བསྡུ་བའི་ཤུལ་ལས་ གདོང་ལེན་དེ་ཚུ་ བསལ་ཚུགས་པའི་རེ་བ་ཡོདཔ་ད་ ལས་སྡེ་ཡུན་བརྟན་དང་ གོང་འཕེལ་གཏང་ཐབས་ལུ་ བསྟན་རྒྱས་ལྷན་ཁག་གི་ བཟོ་གྲྭ་ཆུང་བ་དང་བར་མ་ལས་ཁུངས་ཀྱིས་ རྩི་ རང་རྫོང་ཁག་ སེམས་ལྗོངས་རྒེད་འོག་ ལྕང་ཅེ་ལུ་ བཟོ་གྲྭ་ཆུང་བ་ བཟོ་སྐྲུན་འབད་དོ་ཡོདཔ་ཨིན་པས།

ལས་ཁུངས་ཀྱི་གཙོ་འཛིན་ ཚེ་རིང་སྒྲོལམ་གིས་ བཤད་མིའི་ནང་ ལས་འགུལ་གྱིས་ བཟོ་གྲྭ་ཁང་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ གཞི་རྟེན་མཐུན་རྐྱེན་ཚུ་ བྱིན་འོང་ཟེར་ཨིན་པས།

བཟའ་འཐུང་དང་ བསིལ་ཆུ་ཚུ་ ཐོན་སྐྱེད་འབད་ནི་ལུ་དམིགས་ཏེ་ འཆར་གཞི་བཟོ་ཡོད་མི་ བཟོ་གྲྭ་འཕྲུལ་ཁང་ནང་ མོ་གིས་བཤད་དོ་བཟུམ་འབད་བ་ཅིན་ གཞི་རྟེན་མཐུན་རྐྱེན་ གློག་མེ་དང་ འཐུང་ཆུ་བཀྲམ་སྤེལ་ བཙོག་ཆུ་ལེགས་བཅོས་འབད་ནིའི་ མཐུན་རྐྱེན་དང་ ཕྱགས་སྙིགས་འཛིན་སྐྱོང་ལམ་ལུགས་ དེ་ལས་ ནང་འཁོད་འཁོར་ལམ་དང་ གཡུར་བ་མཐུན་རྐྱེན་ཚུ་ བྱིན་ འོང་ཟེར་ཨིན་པས།

བཟོ་གྲྭ་ཁང་དེ་ ས་ཆ་ཨེ་ཀར་༡.༦ ནང་ བཟོ་གྲྭ་ཁང་༡༢ བཙུགས་ནི་ཨིནམ་ད་ གཞི་རྟེན་མཐུན་རྐྱེན་བྱིན་མིའི་གུ་ གྲྭ་ཁང་ཚུ་ གིས་ ས་ཆ་ཚུ་ ཚུལ་མཐུན་ཐོག་ལས་ སྤྱོད་ཚུགས་པའི་ཁར་ དོན་སྨིན་ཅན་སྦེ་ སྤྱོད་ཚུགས་ནི་ཨིན་པས།

ལས་ཁུངས་ཀྱི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ ད་ལྟོའི་གནས་སྟངས་ནང་ གཞུང་དབང་ནགས་ཚལ་གྱི་ས་ཆ་ བགོ་བཀྲམ་འབད་ནིའི་ ལམ་ལུགས་དེ་གིས་ ས་ཆ་ཚད་ཅིག་ལས་བརྒལ་མེད་མི་དེ་ ཧེང་སྐལ་ར་ ཆ་ཤས་སྦེ་ བཟོ་བཏང་བའི་ཁར་ འཆར་གཞི་མེད་པའི་ བཟོ་གྲྭ་ཁང་ཚུ་ཡང་ གཞི་བཙུགས་འབད་མི་ འཐོན་འོང་ཟེར་ཨིན་པས།

དེ་གིས་མ་ཚད་ ད་ལྟོ་ཡོད་མི་ བཟོ་གྲྭ་ས་ཁོངས་༦ པོ་དེ་ མང་ཤོས་ར་ བར་མ་དང་ཆེ་བ་གི་དོན་ལུ་ བྱིན་ནི་ཨིན་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

དངུལ་ཀྲམ་ས་ཡ་༣༤ དེ་ཅིག་ གནས་ནི་ཨིན་མི་ ལས་འགུལ་དེ་ སང་ཕོད་སྤྱི་ཟླ་༧ པའི་ནང་ མཇུག་བསྡུ་ཚུགས་པའི་ འཆར་གཞི་ཡོདཔ་ཨིན་རུང་ འགོ་དཔོན་ཚུ་དང་འཁྲིལཝ་ད་ དུས་ཚོད་དེ་ནང་ མཇུག་བསྡུ་མི་ཚུགས་ནི་བཟུམ་འདུག་ཟེར་ཨིན་པས།

དེ་ཡང་ ནད་ཡམས་ཐོན་མི་ལུ་བརྟེན་ ལཱ་ཚུ་ལུ་ ཐོ་ཕོག་ནི་དེ་གིས་ཨིནམ་ད་ དུས་ཚོད་དེ་ནང་ བཟོ་སྐྲུན་གྱི་ཅ་ཆས་ཚུ་ ནང་འདྲེན་འབད་ནི་ལུ་ ལཱ་ཁག་བཏང་ཡོདཔ་ཨིན་པས།

མོ་གིས་བཤད་མིའི་ནང་ ལས་ཁུངས་དང་ ཁག་འབགཔ་གིས་ དུས་ཚོད་ནང་ ལཱ་མཇུག་བསྡུ་ཚུགསཔ་འབད་ནིའི་དོན་ལུ་ ལཱ་ཚུ་འབད་བཞིན་དུ་ཡོད་ཟེར་ཨིནམ་ད་ ལཱ་འབད་སའི་ས་ཁོངས་ནང་བལྟ་རུང་ བཟོ་སྐྲུན་གྱི་ལཱ་ཚུ་ག་ར་ འབད་བའི་བསྒང་ཡོདཔ་སྦེ་ མཐོང་ཚུགསཔ་ཨིན་པས།

བཟོ་གྲྭ་ས་ཁོངས་དེ་ནང་ མཐུན་རྐྱེན་དང་མཐུན་པའི་ བཟོ་གྲྭ་ཁང་སྦེ་བཟོ་སྟེ་ ལཱ་གཡོག་གི་གོ་སྐབས་ཚུ་ བཟོ་ཚུགས་མི་ལུ་བརྟེན་ གྲོང་གསེབ་ལས་ཁྲོམ་སྡེ་ནང་ གནས་སྤོ་འགྱོ་མིའི་གནས་སྟངས་ལུ་ ལྷན་ཐབས་འབད་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།

གཞི་རྟེན་མཐུན་རྐྱེན་ཚུ་ གྲོགས་རམ་བྱིན་མི་ལུ་བརྟེན་ ས་གནས་ནང་གི་ དང་འདོད་ཡོད་མི་ཚུ་གིས་ ཐད་ཀར་དུ་ བཟོ་སྐྲུན་ གྱི་ལཱ་ཚུ་ འགོ་བཙུགས་ཚུགས་པའི་ རེ་བ་ཡོད་ཟེར་ འགོ་དཔོན་ཚུ་གིས་ བཤད་པའི་ཁར་ ས་ཁོངས་དེ་ནང་ མི་སྡོད་མིའི་གྱངས་ཁ་ ཡར་སེང་འགྱོ་མི་དེ་གིས་ཡང་ ས་གནས་ཀྱི་མི་ཚུ་ལུ་ ཕན་ཐོགས་པའི་ རེ་བ་ཡོད་ཟེར་ཨིན་པས།

སེམས་ལྗོངས་རྒཔོ་ ཏོབ་ནཋ་ ཨ་ཅར་ཡ་གིས་ བཤད་མིའི་ནང་ ལས་འགུལ་ནང་ ལཱ་འབད་མི་ཚུ་ ས་གནས་ཀྱི་མི་ཚུ་བཙུགས་མི་ལུ་བརྟེན་ རྒེད་འོག་གི་མི་སེར་ཚུ་ལུ་ ལཱ་གཡོག་དང་ དངུལ་གྱི་འོང་འབབ་བཟོ་ནི་ལུ་ ཁེ་ཕན་བྱུང་ཡི་ཟེར་ཨིན་པས

བཟོ་སྐྲུན་ས་ཁོངས་ཚུ་ འགོ་བཙུགས་ཚར་བའི་ཤུལ་ལས་ ལཱ་གཡོག་གི་གོ་སྐབས་ མང་སུ་བཟོ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ རྒཔོ་གིས་བཤདཔ་ཨིནམ་ད་ ལཱ་གཡོག་འཚོལ་མི་ཚུ་གིས་ ལཱ་འཚོལ་ཏེ་ རྫོང་ཁག་གི་ཕྱི་ཁར་ འགྱོ་མི་དགོ་ཟེར་ཨིན་པས།

དེ་ལུ་བརྟེན་ ལས་འགུལ་གྱིས་ གྲོང་གསེབ་ཀྱི་ དཔལ་འབྱོར་གནས་སྟངས་ཡང་ ཡར་དྲག་གཏང་ཚུགས་ཟེར་ བཤད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *