ཁ་ཙ་ ཐིམ་ཕུག་ལུ་ ངོས་འཛིན་ཅན་གྱི་ ས་ཁོངས་ནང་ ཉོ་བཙོང་རྐྱབ་ནིའི་དོན་ལས་ གདམ་ཁ་ཅན་གྱི་ ཚོང་ཁང་ཚུ་ སྒོ་ཕྱེ་ཡོདཔ་བཞིན་དུ་ ལྕང་སྒང་ཁ་ས་ཁོངས་ནང་ མི་ཚུ་ ཉེར་མཁོ་ཅ་ཆས་ཉོ་ནིའི་དོན་ལུ་ གྱལ་བསྣར་ཏེ་ སྡོད་པའི་བསྒང་།

བཟའ་འཐུང་གི་རིགས་ གསོག་འཇོག་འབད་མི་གིས་ ཟླཝ་༣ ལང་ཚུགས་ནི།

ཁ་ཙ་ ཐིམ་ཕུག་ལུ་ ངོས་འཛིན་ཅན་གྱི་ ས་ཁོངས་ཚུ་ནང་ ཚོང་ཁང་ཚུ་ སྒོ་ཕྱེཝ་དང་འབྲེལ་ ཉེར་མཁོའི་ཅ་ཆས་ཚུ་ རྫོགས་ནི་ཨིན་པའི་ འདྲོག་བྱེལ་འཐབ་སྟེ་ མི་མང་ཤོས་ཅིག་ ཚོང་ཁང་ཚུ་གི་ གདོང་ཁ་ལས་ཕར་ གྱལ་བསྣར་སྡོད་སར་ མཐོང་གསལ་བྱུང་ཡི།

ཨིན་རུང་ བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་གིས་འབད་བ་ཅིན་ གཞུང་གིས་ ཟླཝ་༣ དེ་ཅིག་ ལང་ཚུགས་པའི་ ཉེར་མཁོའི་ཅ་ཆས་དང་ མེདཔ་ཐལ་ཉེན་ཡོད་པའི་ བཟའ་འཐུང་གི་རིགས་ཚུ་ ཟླཝ་༢ དེ་ཅིག་ ལང་ཚུགསཔ་སྦེ་ གསོག་འཇོག་འབད་དེ་ཡོད་ཟེར་ཨིན་པས།

བསྟན་རྒྱས་བློན་པོ་གིས་ བཤད་མིའི་ནང་ བཟའ་འཐུང་གི་རིགས་དང་ ཉེར་མཁོའི་ཅ་ཆས་གཞན་ ས་སྣུམ་དང་ སྨན་ཚུ་ འཕྲོ་མཐུད་དེ་ར་ བཀྲམ་སྤེལ་ངེས་བརྟན་བཟོ་ཐབས་ལུ་ བདེ་སྒྲིག་འབད་དེ་ཡོདཔ་བཞིན་དུ་ མི་སེར་ཚུ་ལུ་ དགོས་མཁོ་དང་འཁྲིལ་ཏེ་ བཀྲམ་སྤེལ་འབད་འོང་ཟེར་ཨིན་པས།

ཁ་ཙ་ཕྱི་རུ་ ཕྱི་འབྲེལ་བློན་པོ་ཌོག་ཊར་ རྟ་མགྲིན་རྡོ་རྗེ་གིས་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ རྒྱང་མཐོང་ནང་ མེ་རླུང་རྒྱ་རྫིའི་ དཀའ་ངལ་སེལ་ཐབས་ལུ་ ཁྱིམ་གུང་རེ་ལུ་ བཀྲམ་སྤེལ་ ཡང་ཅིན་ ངོས་འཛིན་འབད་ཡོད་པའི་ ས་གོ་ཚུ་ལས་ སོར་ཚུགས་ནིའི་དོན་ལས་ འཆར་གཞི་ཚུ་ བརྩམས་ཏེ་ཡོདཔ་ལས་ ད་རིས་ལས་ འགོ་བཙུགས་འོང་ཟེར་བཤད་ཅི།

ས་གོ་ལ་ལོ་ཅིག་ནང་ ཚོད་བསྲེ་ལངམ་མེད་པའི་ཁར་ ཤ་དང་ མར་དར་ཚིལ་ལ་སོགས་པ་བཙོང་སའི་ ཚོང་ཁང་ཚུ་ མེད་པའི་སྐོར་ལས་ ཉོགས་བཤད་བཀོད་མི་ལུ་ ངོས་ལེན་འབད་དེ་ ཉིནམ་༣ དེ་ཅིག་གི་ ནང་འཁོད་ལུ་ ཐོན་སྐྱེད་ཚུ་ བཙོང་ནི་ལུ་ གྲ་སྒྲིག་འབད་དོ་ཟེར་ཨིན་པས།

ད་རེས་ གནམ་དགུན་ལུ་ ས་ཁ་མཐོ་ས་ལས་ཕར་ ཚོད་བསྲེ་ལངམ་སྦེ་མེདཔ་ལས་ ས་ཆ་དྲོད་ས་ལས་ ཚོད་བསྲེ་ཚུ་ བསྡུ་ལེན་འབད་ནིའི་དོན་ལས་ སོ་ནམ་ལྷན་ཁག་གིས་ གྲ་སྒྲིག་འབད་བའི་ཁར་ ནང་འདྲེན་འབད་ཐོག་ལས་ ལངམ་སྦེ་ར་ བཀྲམ་སྤེལ་འབད་ནི་གི་ལཱ་དང་ ལས་རིམ་ཚུ་ གྲ་སྒྲིག་འབད་དེ་ཡོད་ཟེར་ ཕྱི་འབྲེལ་བློན་པོ་གིས་ བཤད་ཅི།

ཐོགས་ལུས་མི་ཚུ་གི་ བདེ་སྡུག་སྒྲིག་ཐབས་དོ་ཡོདཔ།

ད་རེས་ དཀའ་ངལ་ཅིག་ རྫོང་ཁག་ཚུ་ནང་ ཐོགས་ལུས་མི་ཚུ་ཨིན་རུང་ ནད་ཡམས་ཀྱི་ ཉེན་ཁ་ལུ་བརྟེན་ ཕར་ཚུར་འགྲོ་འགྲུལ་འབད་མ་བཅུག་པར་ཡོད་ཟེར་ ཕྱི་འབྲེལ་བློན་པོ་གིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ཐིམ་ཕུག་གི་ཐད་ལུ་ འགྲུལ་སྐྱོད་བཀག་དམ་འབད་དེ་ ཉིནམ་༥ ལང་ཡོདཔ་ལས་ མི་མང་གི་ བརྟག་དཔྱད་མཇུག་བསྡུ་སྟེ་ མི་ངོམ་ཚུ་ལུ་ ནད་གཞི་ཡོད་མེད་ཀྱི་ གྲུབ་འབྲས་བཏོན་པའི་ཤུལ་ལུ་ ནངས་པ་ལས་ རང་སོའི་རྫོང་ཁག་ནང་ འགྲུལ་སྐྱོད་འབད་བཅུག་ནི་སྦེ་ རྒྱལ་ཡོངས་ཀོ་བིཌ་-༡༩ལས་བྱེདཔ་ཚོགས་ཆུང་གིས་ ཐག་བཅད་དེ་ཡོད་ཟེར་ཨིན་པས།

རྫོང་ཁག་གཞན་ཚུ་ནང་འབད་བ་ཅིན་ འགྲུལ་སྐྱོད་བཀག་དམ་འབད་དེ་ ཉིནམ་༢ ལས་བརྒལ་ མ་འགྱོ་བར་ཡོདཔ་ལས་ ད་རུང་ ཉིནམ་༤ དེ་ཅིག་ སྡོད་ཞིནམ་ལས་ གློ་བུར་ ཡང་ཅིན་ འགྱོ་དགོཔ་ངེས་བདེན་ཡོད་མི་ཚུ་ བརྟག་དཔྱད་འབད་དེ་ འགྲོ་འགྲུལ་འབད་ནི་ལུ་ ལྷན་ཐབས་འབད་འོང་ཟེར་ཨིན་པས།

རྒྱལ་ཡོངས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གི་ འཐུས་མི་ཡང་ཨིན་མི་ ཕྱི་འབྲེལ་བློན་པོ་གིས་ བཤད་མིའི་ནང་ འགྲུལ་སྐྱོད་བཀག་དམ་ མ་འབད་བའི་ཧེ་མར་ ལྷོ་ཕྱོགས་ས་མཚམས་ལས་ རྫོང་ཁག་གཞན་ཁར་ འགྱོ་ནིའི་དོན་ལུ་ ཉིན་གྲངས་༧ གྱི་རིང་ ཟུར་སྡོད་མི་ཚུ་ཡང་ གནས་ཡུན་ཚང་ཞིནམ་ལས་ གཏང་དགོ་པའི་སྐོར་ ལུང་ཕྱོགས་ཀོ་བིཌ་ཚོགས་ཆུང་ལུ་ སླབ་སྟེ་ཡོད་ཟེར་ཨིན་པས།

ལ་ལོ་ཅིག་གིས་ ངོས་འཛིན་ཅན་གྱི་ ས་ཁོངས་ནང་ འགྲུལ་སྐྱོད་འབད་ནིའི་དོན་ལུ་ ཧེ་མ་ལས་ བཀྲམ་སྤེལ་འབད་མི་ ཤོག་བྱང་ཚུ་ བྱང་སྟོར་དང་ ས་གནས་གཞན་ཁར་ གནས་སྤོ་སོང་མི་ཚུ་གི་དོན་ལུ་ ཁ་ཙ་ ཤོག་བྱང་༣,༠༠༠ དེ་ཅིག་ བཀྲམ་སྤེལ་འབད་ཡོདཔ་ད་ གལ་སྲིད་ མ་ཐོབ་མི་རེ་ཡོད་པ་ཅིན་ སྤྱོད་ཁྲལ་དགོངས་ཡངས་ཨང་༡༠༡༠ གྱི་ཐོག་ལུ་ འབྲེལ་བ་འཐབ་དགོཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *