བཟའ་འཐུང་གི་རིགས་ཚུ་ ཉེན་སྲུང་ཡོད་མེད་ བརྟག་དཔྱད་འབད་ནི།

༉ མི་མང་གི་ཚེ་སྲོག་ལུ་ བར་རྐྱེན་རྐྱབ་ནི་ལས་ བཀག་ཐབས་འབད་ནིའི་དོན་ལུ་ ཉེན་སྲུང་མེད་པའི་ བཞེས་སྒོའི་རིགས་ཚུ་ བཟའ་སྤྱོད་འབད་ནི་ལས་ ཚད་འཛིན་འབད་ནིའི་དོན་ལུ་ ཉོ་སྤྱོད་ཉེན་སྲུང་ཡིག་ཚང་དང་ འབྲུག་སོ་ནམ་དང་ཟ་སྤྱོད་ཁྲིམས་དོན་དབང་འཛིན་༢ ཀྱི་བར་ན་ གོ་བརྡའི་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཅི།

ཁ་ཙ་ བསྟན་རྒྱས་ལྷན་ཁག་ནང་སྦེ་ འགོ་འདྲེན་འཐབ་དགོ་མི་དེ་ཡང་ བཟའ་འཐུང་རིགས་ཚུ་ བརྟག་དཔྱད་འབད་ནི་དང་ ཚོང་ཁང་ནང་ཡོད་པའི་ བཟའ་འཐུང་རིགས་ཚུ་ དུས་ཚོད་ཁར་ ཞིབ་དཔྱད་འབད་ནི་ཨིནམ་མ་ཚད་ ཐོ་དེབ་དང་ སྤུས་ཚད་ཅན་གྱི་དགོས་མཁོ་དང་ ཉེན་སྲུང་དང་ལྡནམ་སྦེ་ ཤོག་སྒམ་རྐྱབ་མ་རྐྱབ་ཚུ་ བརྟག་ཞིབ་འབད་ནིའི་དོན་ལུ་ཨིན་པས།

དེ་འབདཝ་ལས་ ལས་སྡེ་༢ ཀྱིས་ མཐུན་འབྲེལ་ཐོག་ལས་ ས་གོ་ངོས་འཛིན་འབད་ནི་དང་ མཉམ་རུབ་ཐོག་ལས་ འགན་ཁུར་འབག་མི་ཚུ་ཡང་ ཉོ་སྤྱོད་ཉེན་སྲུང་ཡར་དྲག་གཏང་ནི་དང་ མི་མང་གི་དོན་ལུ་ སྤུས་ཚད་ལྡན་པའི་བཟའ་འཐུང་ཚུ་ མཁོ་སྒྲུབ་འབད་ནི་ཨིན་ཟེར་ཨིན་པས།

ཁྲོམ་ཚོགས་ལས་ཕར་ ཟ་ཆས་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ཡོད་མེད་ཀྱི་ བརྟག་དཔྱད་འབད་ནི་དང་ གལ་སྲིད་ ཉེན་སྲུང་དང་ལྡནམ་སྦེ་མེད་པར་ བདའ་ཟུན་པ་ཅིན་ བཟའ་འཐུང་གི་ཐོན་སྐྱེད་ཚུ་ འཕྱོག་བཟུང་འབད་ནི་ དེ་ལས་ འབྲུག་སོ་ནམ་དང་བཟའ་སྤྱོད་ཁྲིམས་དོན་དབང་འཛིན་གྱིས་ བསྟར་སྤྱོད་འབད་བཞིན་ཡོད་མི་ འབྲུག་བཟའ་སྤྱོད་བཅའ་ཁྲིམས་༢༠༠༥ ཅན་མའི་དགོངས་དོན་དང་བསྟུན་ ཉེས་བྱ་དང་ ཉེས་ཁྲིམས་ཚུ་ བཀལ་ཆོག་ཟེར་ཨིན་པས།

བཟའ་འཐུང་རིགས་ཚུ་ ཉེན་སྲུང་ཡོད་མེད་ བརྟག་དཔྱད་འབད་ནིའི་དོན་ལུ་ ཉོ་སྤྱོད་ཉེན་སྲུང་ཡིག་ཚང་གིས་ འབྲུག་སོ་ནམ་དང་བཟའ་སྤྱོད་ཁྲིམས་དོན་དབང་འཛིན་དང་ འབྲེལ་མཐུན་འབད་ནི་ཨིན་པའི་ཁར་ རྒྱལ་ཡོངས་ཟ་སྤྱོད་བརྟག་ཞིབ་འཕྲུལ་ཁང་ནང་བཙུགས་ཏེ་ ལྟ་རྟོག་འབད་ནི་ཨིན་པས།

བརྟག་དཔྱད་ཀྱི་ གྲུབ་འབྲས་ལེགས་ཤོམ་ཐོན་ཐབས་དང་ ཡིད་ཆེས་འདྲོངས་ཚུགས་ནིའི་དོན་ལུ་ ལས་སྡེ་༢ ཀྱིས་ ཕྱི་རྒྱལ་ཁབ་ལས་ཕར་ གཏང་ནིའི་གོ་སྐབས་ཡང་བཟོ་སྟེ་འདུག།

མི་མང་གི་མཐའ་དོན་དང་ ཉོ་སྤྱོད་པའི་ཉེན་སྲུང་དོན་ལུ་ ཆིངས་ཡིག་དང་འཁྲིལ་ སྒྲིག་གཞི་དང་ལམ་ལུགས་ དེ་ལས་ འཆར་གཞི་ལས་སྣ་ཚུ་ བརྩམ་ཆོགཔ་ཨིན་པས།

རྒྱལ་ཁབ་ནང་ ཉོ་སྤྱོད་ཉེན་སྲུང་དང་ལྡནམ་སྦེ་ བཞག་ཐབས་ཀྱི་དོན་ལུ་ ལས་སྡེ་དང་ གཞུང་མིན་ སྒེར་སྡེ་ཚུ་གིས་ཡང་ འགན་ཁུར་འབག་ཡོདཔ་ལས་ ད་ལས་ཕར་ ལས་སྡེ་༢ ཀྱིས་ ལས་སྡེ་ཚུ་དང་ འབྲེལ་འཐབ་འབད་ནི་དང་ གཅིག་མཐུན་ཐོག་ལས་ ལཱ་འབད་ནིའི་དོན་ལུ་ཐབས་ལམ་བཏོན་ནི་ཨིན་པས།

བསྟན་རྒྱས་ལྷན་ཁག་འོག་ལུ་ཡོད་མི་ ཉོ་སྤྱོད་ཉེན་སྲུང་ཡིག་ཚང་གིས་ གཙུག་སྡེ་ཚུ་གི་བར་ན་ འབྲེལ་མཐུན་འབད་ཐབས་ལུ་ ཉོ་སྤྱོད་ཉེན་སྲུང་ཡིག་ཚང་གི་ བཀོད་ཚོགས་དང་ ཐའེ་ལེནཌ་ རྒྱལ་གཞུང་དངུལ་ལས་དབང་འཛིན་ འབྲུག་ཚད་ལྡན་ལས་ཁང་ དེ་ལས་ རྒྱལ་སྤྱི་ཉེན་སྲུང་ལས་སྡེ་ཚུ་དང་ གོ་བརྡའི་ཆིངས་གུ་ མཚན་རྟགས་བཀོད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *