གཟུགས་སྨད་སྤར་མ་བཏུབ་ཐལ་མི་ འཇིགས་མེད།

བཟའ་ཚང་ཅིག་ མི་ཚེ་སོར་སྒྱུར་ལུ་བརྟེན་ གནས་སྟངས་སྐྱོ་དྲགས་ནང་ཡོདཔ།

༉ འདས་པའི་ལོ་༢ མ་ལངམ་ཅིག་གི་ཧེ་མར་ འཇིགས་མེད་དེ་ མོང་སྒར་འབྲས་སྤུངས་རྒེད་འོག་ བཟུང་ལེན་གཡུས་ཚན་ནང་ བཟའ་ཚང་སྐྱོང་ནིའི་དོན་ལུ་ འགན་ཁུར་ཧྲིལ་བུམ་འབག་སྟེ་ བཟའ་ཚང་གི་མཐའ་དོན་ལུ་ བརྩོན་ཤུགས་བསྐྱེད་དེ་ ལཱ་འབད་མི་ཅིག་ཨིན་པས།

སྐྱེས་ལོ་༣༨ ལང་མི་ཕོ་སྐྱེས་དེ་གིས་ ནང་མི་ཚུ་ལུ་ བཟའ་འཐུང་ཚུ་ མ་དཀོན་པར་བཞག་ནིའི་དོན་ལུ་ འབྲུ་སྣ་དང་ ཚོད་བསྲེ་འཛུགས་སྐྱོང་གི་ལཱ་ཚུ་རྩ་འགེངས་ཏེ་འབད་བའི་ཁར་ ཁག་འབག་གི་འོག་ལུ་དང་ གཞན་གྱི་ལཱ་འབད་དེ་ འོང་འབབ་ལེགས་ཤོམ་སྦེ་ བཟོ་ཡོདཔ་ཨིན་པས།

དེ་ལས་ གཡུས་ཁར་ ཁྱིམ་སྤུས་ཚད་དང་ལྡནམ་ཅིག་མེདཔ་བཞིན་དུ་ ཁོ་རའི་ གསོག་འཇོག་གི་ཐོག་ཁར་ འབྲུག་གོང་འཕེུལ་དངུལ་ཁང་ནང་ལས་ དངུལ་ཀྲམ་༢༥༠,༠༠༠ སྐྱིན་འགྲུལ་ལེན་ཞིནམ་ལས་ ཐོག་ཚད་༢ འབད་མི་ ཁྱིམ་དགའ་ཏོག་ཏོ་ཅིག་རྐྱབ་མི་དེ་ ན་ཧིང་ མཇུག་བསྡུ་ཡོདཔ་ཨིན་པས།

སྐྱིན་ཚབ་བཏབ་ནིའི་དོན་ལུ་ དུས་དང་རྣམ་པ་ཀུན་ཏུ་ སེམས་ཁར་ཚ་གྱང་ཐེབས་འབག་སྟེ་ ཁག་འབག་དང་ གཞན་གྱི་ལཱ་འབད་དེ་ སྐྱིན་ཚབ་དེ་ཡང་ ཐེངས་༤ དེ་ཅིག་ མ་ཆད་པར་བཏབ་ཡོདཔ་ཨིན་པས།

དེ་སྦེ་སྡོད་པའི་བར་ན་ སྔོན་གྱི་ལས་དང་རྐྱེན་ཅིག་གིས་སྦེ་ ཁོ་རའི་མི་ཚེ་ནང་ བརྗེད་མ་ཚུགས་པའི་སྡུག་བསྔལ་གྱི་གནས་སྟངས་ཅིག་ ཤར་མི་ལུ་བརྟེན་ ཁོ་གི་མི་ཚེ་ལུ་ མ་འདོད་པའི་འགྱུར་བ་ སྦོམ་བྱུང་ཡོདཔ་ཨིན་པས།

དེ་ཡང་ ན་ཧིང་ སྤྱི་ཟླ་༣ པའི་ཚེས་༣༡ ལུ་ ཁོ་ར་ སྐྱིན་ཚབ་སྤྲོད་ནིའི་དོན་ལུ་ འོང་འབབ་བཟོ་བར་ ཁྱིམ་ཚང་ཅིག་གི་ ཤིང་འདྲ་ནིའི་ལཱ་འབད་བར་འགྱོ་བའི་སྐབས་ རྣམ་རྟོག་མེད་པར་ ཤིང་དུམ་ཅིག་གིས་ བསྣད་ཡོདཔ་ཨིན་པས།

འཇིགས་མེད་དེ་ གནས་སྟངས་ཚབས་ཆེན་ནང་སྡོད་ནི་དེ་གིས་ གནམ་གྲུ་ནང་སྦེ་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས། 

འཇིགས་མེད་ཀྱིས་ སླབ་མིའི་ནང་ ཁོ་ར་ དྲནམ་ཚོར་བའི་བསྒང་ལས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཉལ་ཁྲི་གུ་ འདུག་ཟེར་ཨིནམ་ད་ དེ་བསྒང་ ཁོ་ར་ ཨ་རྟག་གི་འཇིགས་མེད་ མེན་པས་ཟེར་ཨིན་པས།

རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཟླཝ་༡ དེ་ཅིག་བཞག་པའི་ཤུལ་ལས་ སྒྱིད་བརྡར་གོངམ་སྨན་ཁང་ནང་ ཟླཝ་༤ དེ་ཅིག་ སྨན་བཅོས་འབད་དེ་ལུས་ཡོདཔ་ད་ དེ་གི་ཤུལ་ལས་ སྨན་ཁང་གི་ ནདཔ་སྐྱེལ་སྣུམ་འཁོར་གྱིས་ ལོག་བཟུང་ལེན་གཡུས་ཁར་ བསྐྱལ་བའི་ཤུལ་ལས་ ལོག་སྟེ་ར་ གཡུས་ཁའི་མི་ཚེ་སྐྱོང་ནི་ འགོ་བཙུགས་ནུག།

ཨིན་རུང་ ཁོ་རའི་ གཟུགས་སྨད་སྤར་མ་བཏུབ་པའི་ཁར་ ལགཔ་གཡསཔ་དང་རྒྱབ་ལུ་ ཤུགས་སྦེ་སྐྱོན་རྐྱབ་ནི་དེ་གིས་ ཨ་རྟག་ཧར་ལུགས་ཀྱི་གནས་སྟངས་ནང་ ལྷོད་མ་ཚུགས་པར་ དུས་ཚོད་མང་ཤོས་ཅིག་ར་ མལ་ཆ་ནང་ ཉལ་སྡོད་དགོ་པའི་གནས་སྟངས་ ཤར་ཡོདཔ་ཨིན་པས།

དེ་གིས་ བཟའ་ཚང་གི་གནས་སྟངས་ལུ་ཡང་ གདོང་ལེན་སྦོམ་བྱུང་ཡོདཔ་ད་ ཉམས་རྒུད་པའི་གནས་ཚང་ ཚེ་རིང་ལྷ་མོ་གིས་ སླབ་མིའི་ནང་ མོ་གི་རྨགཔ་ལུ་ དེ་བཟུམ་མའི་རྐྱེན་བྱུང་ཞིནམ་ལས་ མོ་རའི་ལགཔ་ཅིག་གིས་ ལཱ་འབད་དགོ་མི་ལུ་བརྟེན་ བཟའ་ཚང་ལུ་ དཀའ་ངལ་སྦོམ་བྱུང་སྟེ་ཡོད་ཟེར་ཨིན་པས།

ཨིན་རུང་ མོ་གིས་ འབད་ཚུགས་ཚུགསཔ་ཅིག་ རྩ་འགེངས་ལཱ་འབད་དེ་ ད་ལྟོ་ བཟའ་འཐུང་གི་ཐད་ཁར་ ཞིང་ནང་ལས་ཐོན་ཏེ་ ལངམ་སྦེ་བཟའ་སྡོདཔ་ཨིན་རུང་ དངུལ་གྱི་དཀའ་ངལ་ཡོདཔ་ད་ འཕྲལ་འཕྲལ་དགོས་མཁོ་སྦོམ་ཐོནམ་ད་ ཁྱིམ་ཚང་ཚུ་ལས་ ཏི་རུ་བསྐྱི་སྟེ་ དེ་གི་ཚབ་ ཉིན་བསྟར་གླ་འཐུས་ཀྱི་ ལཱ་འབད་བྱིནམ་ཨིན་ཟེར་ཨིན་པས།

ཚ་གྱང་སྦོམ་ཤོས་དེ་ར་ སྐྱིན་འགྲུལ་ལྷག་ལུས་ དངུལ་ཀྲམ་༢༤༠,༠༠༠ དེ་ཅིག་ སྤྲོད་ནི་ཡོད་མི་དེ་ཨིནམ་ལས་ ད་ལྟོ་ སྐྱིད་སྡུག་གི་ཐོག་ལུ་ དུས་ཡུན་ཕར་འགྱངས་འབད་ཡོད་རུང་ ད་ལས་ཕར་ ག་དེ་སྦེ་ སྤྲོད་ཚུགས་གའི་ སྡུག་བསྔལ་ཕོག་སྟེ་ཡོད་ཟེར་ སྐྱེས་ལོ་༣༣ ལང་མི་ ཚེ་རིང་ལྷ་མོ་གིས་ བཤདཔ་ཨིན་པས།

འཇིགས་མེད་དང་ ཚེ་རིང་ལྷ་མོ་ལུ་ བཟུང་ལེན་སློབ་གྲྭ་ཆུང་བའི་ནང་ སློབ་རིམ་༥ པ་དང་༢ པ་ དེ་ལས་ བློ་གསར་ནང་ལྷབ་མི་ ཨ་ལོ་༣ ཡོདཔ་ད་ དུས་ཅི་ ཤེས་རིག་ལྷན་ཁག་གིས་ མ་དངུལ་རྒྱབ་སྐྱོར་གནང་སྟེ་ ཨ་ལོ་ཚུ་གི་ སྒྲིག་གོ་ཉོ་བྱིན་ནི་དེ་གིས་ ཕན་ཐོགས་སྦོམ་བྱུང་ནུག།

དེ་ལས་ འགོ་ཐོག་གི་ སྨན་བཅོས་ཀྱི་ཐད་ལུ་ཡང་ སྤུན་ཆ་ཚུ་དང་ གཡུས་མི་ཚུ་གིས་ དངུལ་བསྡུ་བླངས་འབད་བྱིན་མི་དེ་གིས་ ཕན་ཐོགས་སྦོམ་བྱུང་ཡི་ཟེར་ ཚེ་རིང་ལྷ་མོ་གིས་ བཤདཔ་ཨིན་པས།

འཇིགས་མེད་དེ་ ད་ལྟོ་ཡང་ མ་དྲག་པར་ཡོདཔ་ད་ སྒྱིད་བརྡར་གོངམ་སྨན་ཁང་ནང་ལས་ ལྷོད་ཞིནམ་ལས་ ཟླཝ་༦ གི་རྒྱབ་ལས་ ཉལ་སྡོད་ནི་དེ་གིས་ ད་རུང་ གཟུགས་ཁར་རྨ་ཐོན་ནི་དེ་གིས་ མོང་སྒར་སྨན་ཁང་ནང་ ཟླཝ་༣ དེ་ཅིག་བཞག་ཞིནམ་ལས་ བཏང་པའི་ཤུལ་ལས་ ད་རུང་ ཟླཝ་མ་ལངམ་ལས་ སྨན་ཁང་ནང་བསྐྱལ་དགོཔ་ཐོན་ཡོདཔ་ད་ ད་རེས་ནངས་པར་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་ཡོདཔ་ཨིན་པས།

བཟུང་ལེན་སློབ་གྲྭ་ཆུང་བའི་དབུ་འཛིན་ བཀྲ་ཤིས་བསྟན་འཛིན་གྱིས་ སླབ་མིའི་ནང་ ཨ་ལོ་༣ གྱི་ཕམ་དེ་ ད་རེས་ནངས་པར་ གནས་སྟངས་སྐྱོ་དྲགས་ནང་ཡོདཔ་ལས་ དུས་ཅི་ སློབ་གྲྭའི་ངོས་འཛིན་ཐོག་ ཤེས་རིག་ལྷན་ཁག་གིས་ སློབ་ཕྲུག་ཉམ་ཆུང་གི་རྒྱབ་སྐྱོར་ཐོག་ལས་ སློབ་ཕྲུག་ཚུ་ལུ་ སྒྲིག་གོ་གི་ ཆ་རོགས་འབད་ཡི་ཟེར་ཨིན་པས།

དུས་ཅི་ ཉལ་ཁྱིམ་གྱི་ས་གོ་མེད་མི་ལུ་བརྟེན་ སློབ་རིམ་༥ པའི་ནང་ལྷབ་མི་ བུ་སྦོམ་ཤོས་ལུ་རྐྱངམ་གཅིག་ གཞུང་པའི་གྲངས་སུ་ བཙུགས་ནིའི་ཆ་རོགས་འབད་ཚུགས་རུང་ སང་ཕོད་ལས་ སློབ་གྲྭ་གིས་ གཞན་སྤུན་ཆ་ཆུང་ཤོས་༢ ཡང་ གཞུང་པ་ནང་བཙུགས་ནིའི་ འཆར་གཞི་ཡོད་ཟེར་ བཀྲ་ཤིས་བསྟན་འཛིན་གྱིས་ བཤདཔ་ཨིན་པས།

འབྲས་སྤུངས་རྒཔོ་ སངས་རྒྱས་བསྟན་འཛིན་གྱིས་ སླབ་མིའི་ནང་ འཇིགས་མེད་དེ་ གཡུས་ཁར་ལཱ་ཤུགས་སྦེ་ འབད་མི་ཅིག་ཨིན་རུང་ སྟབས་ལེགས་སྟེ་དབང་གིས་ དེ་བཟུམ་མའི་ རྐྱེན་ངན་བྱུང་ཞིནམ་ལས་ ད་རེས་ནངས་པར་ གནས་སྟངས་སྐྱོ་དྲགས་ནང་ཡོདཔ་ད་ རྒྱབ་སྐྱོར་འབད་མི་ཡང་ གཞན་ག་ཡང་མེད་ཟེར་ཨིན་པས།

དེ་གི་ནང་ལས་ཡང་ ཚ་གྱང་ཅིག་ སྐྱིན་ཚབ་སྤྲོད་ནི་ཡོད་མི་དེ་ཨིནམ་ལས་ དེ་གི་སྐོར་ལས་ མོང་སྒར་འབྲུག་གོང་འཕེལ་དངུལ་ཁང་ ཡན་ལག་ཡིག་ཚང་གི་ འགོ་དཔོན་ཚུ་དང་གཅིག་ཁར་ ཁ་སླབ་པའི་སྐབས་ ཁོང་ལུ་འབད་ཐབས་མེད་པའི་ ལོ་རྒྱུས་སླབ་མི་ལུ་བརྟེན་ བཟའ་ཚང་གིས་ ག་དེ་སྦེ་ ལོག་སྤྲོད་ཚུགས་གའི་ ཚ་གྱང་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *