རྒྱ་ཆེ་དྲགས་སྦེ་ འཛུགས་སྐྱོང་འབད་དེ་ཡོད་མི་ ཚོད་བསྲེའི་རིགས་ཚུ།

བཟའ་ཚང་༡ གིས་ ཚོང་འབྲེལ་གྱི་དོན་ལུ་ ཚོད་བསྲེའི་རིགས་ཚུ་ རྒྱ་ཆེ་དྲགས་སྦེ་ འཛུགས་སྐྱོང་འབད་དོ་ཡོདཔ།

༉ ཀྲོང་གསར་རྫོ་ཁག་ གླང་མཐིལ་རྒེད་འོག་ ཀོ་ཤ་ལ་ལུ་ བཟའ་ཚང་༡ གིས་ ས་ཆ་ཨེ་ཀར་༡ ལྷགཔ་ཅིག་ནང་ ཚོང་འབྲེལ་གྱི་དོན་ལུ་ ཚོད་བསྲེའི་རིགས་ཚུ་ འཛུགས་སྐྱོང་འབད་དོ་ཡོདཔ་ཨིན་པས།

རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ འི་ གནོད་སྐྱོན་མ་འབྱུང་ཚུན་ ཨམ་སྲུ་དེ་ གླང་མཐིལ་ལུ་ ཀ་རའུ་ཀི་སྤྲོ་སྟོན་ཁང་ཅིག་ ལག་ལེན་འཐབ་སྟེ་སྡོད་ཡོདཔ་ད་ ཕོ་སྐྱེས་དེ་ ཐིམ་ཕུག་ལུ་ པི་ཨེན་བི་དངུལ་ཁང་ནང་ ལཱ་འབད་སྡོད་ཡོདཔ་ཨིན་པས།

པདྨ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ འགྲོ་འགྲུལ་བཀག་དམ་ཐེངས་༢ པ་འབད་བའི་སྐབས་ མོ་རང་ སྤུ་ཆ་གི་ ས་ཅིག་ཡོད་མིའི་ནང་ གནས་སྐབས་ཀྱི་དོན་ལུ་ ཚོད་བསྲེ་འཛུགས་སྐྱོང་འབད་ཡོདཔ་བཞིན་དུ་ གྲུབ་འབྲས་ལེགས་ཤོམ་ཐོན་ཡོདཔ་ལས་ མོ་རའི་རྨགཔ་ཡང་ ངལ་གསོ་ནང་འོང་སྟེ་ ལཱ་རྒྱ་ཆེ་དྲགས་འབད་ནིའི་ ཐག་བཅད་ཡི་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ སོ་ནམ་གྱི་ལཱ་འབད་ནི་ལུ་ སྤྲོ་བ་བསྐྱེད་མི་དེ་ཡང་ རྒྱལ་ཁབ་ནང་ ཨེ་མ་དེ་ ཤུགས་སྦེ་ ནང་འདྲེན་འཐབ་དོ་ཡོདཔ་ལས་ ནང་འདྲེན་མར་ཕབ་འབད་ནིའི་དོན་ལུ་ ས་ཆ་ཨེ་ཀར་༡ ནང་ རྒྱ་གར་ལས་ཐོན་མི་ ཨེ་མ་ཆུང་ཀུ་ཚུ་ འཛུགས་སྐྱོང་འབད་ཡི་ཟེར་ཨིན་པས།

ད་ཚུན་ ཞིང་ནང་ལས་ ཚོད་བསྲེ་རིགས་མ་འདྲཝ་ཐོན་སྐྱེད་འབད་མི་ཚུ་ བཙོང་ཡོདཔ་ད་ ད་རེས་ ཨེ་མ་དང་ སྒོགཔ་ བླམ་བན་ད་ཚུ་ ཡོདཔ་ཨིན་པས།

ད་རེས་ ས་གནས་ནང་ ཚོང་འབྲེལ་གྱི་དོན་ལུ་ ཚོད་བསྲེའི་ལཱ་སྦོམ་འབད་མི་ ཁོང་བཟའ་ཚང་༢ ཨིནམ་ད་ མི་ཚུ་ ལཱ་འབད་སར་ ལྟ་རྟོག་འབད་བར་འོང་སྟེ་ ངལ་རངས་བསྐྱེད་དོ་ཡོདཔ་ཨིན་པས།

ཁོང་༢ ཀྱི་ ས་ཞིང་དེ་ སྤུན་ཆ་ལས་ གླ་ཁར་ལེན་ཡོདཔ་ད་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་༥,༠༠༠ སྤྲོད་དགོཔ་ཨིན་པས།

ཀརྨ་དབང་འདུས་ཀྱིས ལོ་༡༠ དེ་ཅིག་ པི་ཨིན་བི་དངུལ་ཁང་ནང་ ལཱ་འབད་ཡོདཔ་ད་ འཕྲལ་ཁམས་ཅིག་ཁར་ སོ་ནམ་ལཱ་ འགོ་བཙུགས་པའི་ཤུལ་ལས་ སྤྲོ་བ་སྦོམ་ཐོན་ནི་དེ་གིས་ ལཱ་གཡོག་ནང་ལས་ དགོངས་ཞུ་འབད་ཡོདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ སོ་ནམ་ལཱ་འབད་ནི་དེ་ ཡིག་ཚང་དང་ཕྱདཔ་ད་ སྤྲོ་བ་སྦོམ་བྱུང་ཡི་ཟེར་ཨིནམ་ད་ ད་རེས་ ཁོ་གིས་འབད་མི་ལཱ་དེ་ མི་གཞན་གྱི་ མིག་དཔེ་ལུ་འགྱུར་བ་ཅིན་ དེ་ལས་ལྷག་པའི་ ངལ་རངས་མེད་ཟེར་ཨིནམ་ད་ ས་གནས་ནང་ ཚོད་བསྲེ་ག་ཅི་ཡང་ འཚོ་དོ་ཡོདཔ་ལས་ སྤྲོ་བ་བསྐྱེདཔ་མས་ཟེར་ཨིན་པས།

ཁོང་༢ ཀྱི་ ད་ལྟོ་ཡོད་པའི་ ས་ཞིང་དེ་ གྲ་སྒྲིག་འབད་ནིའི་དོན་ལུ་ ལས་མི་༢༢༠ དང་ དངུལ་ཀྲམ་༢༠༠,༠༠༠ ལྷགཔ་ཅིག་ ཟད་འགྲོ་བཏང་ཡོདཔ་ད་ ཁོང་༢ ཀྱིས་ སླབ་མིའི་ནང་ འགོ་དང་པ་ སོ་ནམ་གྱི་ལཱ་འབད་ནི་དེ་གིས་ གཞན་ཁ་ལས་ རྒྱབ་སྐྱོར་འཚོལ་ནི་ཡང་ མ་ཤེས་ཟེར་ཨིན་པས།

ཨིན་རུང་ རྒེད་འོག་སོ་ནམ་ཡིག་ཚང་ཁ་ཐུག་ལས་ སོན་དང་ གློག་ཐག་རཝ་ དེ་ལས་ སྔོ་ཚལ་གྱིབ་ཤོག་ཁྱིམ་ཚུ་ གོང་ཚད་ཕྱེད་ཀ་སྦེ་ རྒྱབ་སྐྱོར་ཐོབ་ཡོདཔ་ཨིན་པས།

ཀརྨ་དབང་འདུས་ཀྱིས་ སླབ་མིའི་ནང་ ཁོང་གི་ལཱ་དེ་ གནམ་བྱཱར་དགུན་མེད་པར་ ཚོད་བསྲེ་ཐོན་སྐྱེད་འབད་ནི་དང་ ད་ལས་ཕར་ ས་སྟོངམ་འཐོབ་པ་ཅིན་ ད་རུང་ ལཱ་རྒྱ་སྦོམ་འབད་ནིའི་ རེ་བ་ཡོད་ཟེར་ཨིན་པས།

ཁོ་གི་ སླབ་མིའི་ནང་ ན་གཞོན་ཚུ་ ཡིག་ཚང་གི་ ལཱ་འབད་ནི་རྐྱངམ་གཅིག་མེན་པར་ སོ་ནམ་ལཱ་འབད་ནི་ལུ་ སྤྲོ་བ་ལེན་པ་ཅིན་ གོ་སྐབས་སྦོམ་འདུག་ཟེར་ཨིན་པས།

ཚོད་བསྲེ་ལཱ་འབད་ཚུགས་པ་ཅིན་ བཙོང་མ་ཚུགས་པའི་ཚ་གྱང་མེདཔ་ད་ ད་ལྟོ་ལས་ ཚོང་མགྲོན་པ་ཚུ་གིས་ ཚོད་བསྲེ་མཁོ་མངགས་འབད་དོ་ཡོདཔ་སྦེ་ཨིན་པས།

དེ་བཟུམ་སྦེ་ པདྨ་གིས་ སླབ་མིའི་ནང་ ནད་ཡམས་ཀྱི་གནས་སྟངས་དེ་ ལེགས་ཤོམ་སོང་སྟེ་ སྔར་བཞིན་འགྱོ་བ་ཅིན་ མོ་རའི་ ཀ་རའུ་ཀི་ཚོང་ལཱ་དེ་ ལོག་འགོ་བཙུགས་ནི་ཨིན་རུང་ ད་ལྟོ་འབད་མི་ ཚོད་བསྲེའི་ལཱ་དེ་ཡང་ བཀོག་མི་བཞག་ཟེར་ བཤད་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *