བཟའ་གྲོགས་ཀྱི་ཕུངམ་ ཆུ་མཛོད་ནང་ལས་ཐོབ་ཡོདཔ།

༉ འདས་པའི་རེས་གཟའ་ཟླ་བ་ལུ་ དགེ་ལེགས་ཕུག་ ཁྲིམས་སྲུང་འགག་པ་གིས་ བཟོ་གྲྭ་ཞབས་ཏོག་ལྟེ་བའི་ སྣུམ་འཁོར་བཅོ་ཁང་ཅིག་ནང་ ལཱ་འབད་མི་ ཕོ་སྐྱེས་ཅིག་གི་ ཕུངམ་ཐོབ་ནུག།

སྐྱེས་ལོ་༢༨ ལང་མི་ ཨམ་སྲུ་དེ་ སྤྱི་ཟླ་༡ པའི་ཚེས་༡ དང་ སྐྱེས་ལོ་༣༠ ལང་མི་ མོ་རའི་རྨགཔ་གི་ ཕུངམ་དེ་ སྤྱི་ཟླ་༡ པའི་ཚེས་༣ ལུ་ ཐོབ་ནུག།

ཁྲིམས་སྲུང་འགག་པ་གིས་ ཉིནམ་༢ ཀྱི་རིང་ འཚོལ་ཞིབ་འབད་བའི་ཤུལ་ལས་ ཚེ་འདས་ཕོ་སྐྱེས་ ལཱ་འབད་སའི་ སྣུམ་འཁོར་བཅོ་ཁང་གི་ ཆུ་མཛོད་ཅིག་ནང་ལས་ ཐོབ་ཡོདཔ་ཨིན་པས།

ལས་བྱེདཔ་ཅིག་གིས་འབད་བ་ཅིན་ སྣུམ་འཁོར་བཅོ་ཁང་གི་ ལས་བྱེདཔ་གཞན་དང་ བཟའ་གྲོགས་དེ་ སྤྱི་ཟླ་༡༢ པའི་ཚེས་༣༡ ལུ་ གཅིག་ཁར་སྡོད་ཡོདཔ་བཞིན་དུ་ དེ་བསྒང་ ག་ར་ཆང་འཐུང་སྟེ་འདུག་ཟེར་ཨིན་པས།

སྤྱི་ཟླ་༡ པའི་ཚེས་༣ ལུ་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་དང་ གསོ་བའི་བརྟག་དཔྱད་མཇུག་བསྡུ་སྟེ་ ཕུངམ་དེ་ ཚེ་འདས་ཀྱི་ བཟའ་ཚང་ལུ་ རྩིས་སྤྲོད་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ བཟའ་གྲོགས་ཀྱི་ཕུངམ་༢ ཆུ་མཛོད་ནང་ལས་ ཐོབ་པའི་སྐབས་ རྨ་བཏོན་ཁྲག་བཏོན་གྱི་ བརྡ་མཚོན་ག་ནི་ཡང་མེད་པའི་ཁར་ གཞན་གྱིས་གནོདཔ་བཀལ་བའི་ དོགས་པ་ཡང་མིན་འདུག་ཟེར་ཨིན་པས།

ཆུ་མཛོད་དེ་ སྣུམ་འཁོར་ཆུ་འཁྱུ་ནིའི་དོན་ལུ་ ལག་ལེན་འཐབ་དོ་ཡོད་རུང་ ཆུ་དེ་ནང་ བཙོག་པ་ཞུགས་ཡོདཔ་མ་ཚད་ ཆུ་མཛོད་ཀྱི་ ཁབ་ཏོག་ཚུལ་ལྡན་མིན་འདུག་ཟེར་ཨིན་པས།

གནས་ཚུལ་དང་འཁྲིལཝ་ད་ ཕོ་སྐྱེས་དེ་ རྒྱ་གར་གྱི་ས་གནས་ ཇའི་སྒང་ལས་ཨིནམ་ད་ ཁོ་ར་ དགེ་ལེགས་ཕུག་གི་ སྣུམ་འཁོར་བཅོ་ཁང་ཅིག་ནང་ སྣུམ་འཁོར་བཅོ་མི་གོངམ་སྦེ་ ལཱ་འབད་དེ་ ལོ་༤ ལང་ཡོདཔ་ད་ ཨམ་སྲུ་དེ་ བསམ་རྩེ་ལས་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *