མཁའ་གླིང་མུན་སེལ་གླིང་སྤེལ་ཁང་གི་ སློབ་དཔོན་དང་ སློབ་ཕྲུག་ཚུ་གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་པའི་བསྒང་།

བཙོན་པ་དང་ དབང་པོ་སྐྱོན་ཅན་ དེ་ལས་ ནདཔ་ཚུ་ལུ་ འགྲེམ་ཐོག་ཚོགས་རྒྱན་ བཙུགས་ནིའི་ཞབས་ཏོག།

༉ ཁ་ཙ་ བཀྲིས་སྒང་མཁའ་གླིང་མུན་སེལ་གླིང་སྤེལ་ཁང་གི་སློབ་ཕྲུག་ འཕྲིན་ལས་རྡོ་རྗེ་གིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དོན་ལུ་ སྤེལ་ཁང་ནང་སྦེ་ ཁོ་རའི་འགྲེམ་ཐོག་ཚོགས་རྒྱན་དེ་ སློབ་དཔོན་ལས་ རྒྱབ་སྐྱོར་ལེན་ཏེ་ ཁོ་ར་གིས་གདམ་ཁ་རྐྱབ་མི་ འདེམས་ངོ་དེ་ལུ་ བཙུགས་ཡོདཔ་ཨིན་པས།

འཕྲིན་ལས་རྡོ་རྗེ་དེ་ དབང་པོ་སྐྱོན་ཅན་གྱི་ སློབ་ཕྲུག་ཅིག་འབད་བ་ལུ་བརྟེན་ བློ་གཏད་པའི་ ཁོ་རའི་སློབ་དཔོན་ཁྱིད་ཞིནམ་ལས་ འདེམས་ཁྲི་འགོ་དཔོན་ངོ་འཛོམས་ཐོག་ དབང་པོ་སྐྱོན་ཅན་ཚུ་ལུ་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ གྲོགས་རམ་འབད་ཡོདཔ་ཨིན་པས།

དབང་པོ་སྐྱོན་ཅན་གྱི་ སློབ་ཕྲུག་ཅིག་ཨིན་མི་ སྐྱེས་ལོ་༡༩ ལང་མི་ ཟླ་བ་དབྱངས་ཅན་ཡང་ ཚོགས་རྒྱན་བཙུགས་ཐབས་ལུ་ གྱལ་ནང་སྡོད་ཡོདཔ་ད་ མོ་གིས་འབད་བ་ཅིན་ ཚོགས་རྒྱན་འགོ་དང་པ་ བཙུགས་དོ་ཡོདཔ་ལས་ སེམས་དགའ་བའི་ཁར་ མི་ཕྱི་འགྱུར་ལུ་ ཚོགས་རྒྱན་མི་བཙུགས་ག་ཟེར་ དོགས་པ་ཡོད་རུང་ སློབ་དཔོན་གྱིས་ ཆ་རོགས་འབད་མི་ལུ་བརྟེན་ མོ་གིས་གདམ་ཁ་འབད་མི་ འདེམས་ངོ་ལུ་ བཙུགས་ཅི་ཟེར་ཨིན་པས།

འབྲུག་གི་ བཙག་འཐུ་ལྷན་ཚོགས་ཀྱིས་ དམིགས་བསལ་གྱི་ དགོས་མཁོ་ཡོད་མི་ བཙོན་པ་དང་དབང་པོ་སྐྱོན་ཅན་ དེ་ལས་ ནདཔ་ཚུ་ལུ་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞབས་ཏོག་སྤྲོད་དོ་ཡོདཔ་ལས་ བཀྲིས་སྒང་ ལུང་ཟོར་བཙོན་ཁང་དང་ མཁའ་གླིང་མུན་སེལ་གླིང་སྤེལ་ཁང་༢ ནང་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞབས་ཏོག་སྤྲོད་ཡོདཔ་ཨིན་པས།

སྤྱི་ཟླ་༤ པའི་ཚེས་༢ ལུ་ ལུང་ཟོར་གྱི་ བཙོན་པ་༥༤ གིས་ ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་འབད་ཡོདཔ་ད་ བཙོན་པ་༤༨ ཀྱིས་ ཚོགས་རྒྱན་བཙུགས་ཡོད་པའི་ཁར་ བཙོན་པ་༢ ཚོགས་རྒྱན་གྱི་ཉིནམ་ལུ་ བཙོན་གྲོལ་བཏང་ཡོདཔ་བཞིན་དུ་ བཙོན་པ་༤ གིས་ ཚོགས་རྒྱན་བཙུགས་མ་བཏུབ་ཨིན་པས།

དེ་ལས་ མུན་སེལ་གླིང་སྤེལ་ཁང་གི་ སློབ་ཕྲུག་༡༠ གྱིས་ ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་འབད་ཡོདཔ་བཞིན་དུ་ ག་ར་གིས་ ཁ་ཙ་ ཚོགས་རྒྱན་བཙུགས་ཡོདཔ་ད་ སློབ་ཕྲུག་༧ གྱིས་ སློབ་དཔོན་ཚུ་ལས་ རྒྱབ་སྐྱོར་ལེན་ཡོདཔ་ཨིན་པས།

སྤེལ་ཁང་གི་ སློབ་དཔོན་ཅིག་ཨིན་མི་ སྐྱེས་ལོ་༥༢ ལང་མི་ ཀུན་དགའ་ཆོས་འཕེལ་གྱིས་ཡང་ རྒྱབ་སྐྱོར་ལེན་ཐོག་ལས་ ཚོགས་རྒྱན་བཙུགས་ཡོདཔ་ད་ ས་གནས་གཞུང་གི་ བཙག་འཐུ་༢ བརྩིས་ཏེ་ འདས་པའི་བཙག་འཐུ་ག་རའི་ནང་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་རུང་ ད་ལྟོ་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞབས་ཏོག་བྱིན་མི་དེ་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ སྟབས་བདེ་ཏོག་ཏོ་འདུག་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ འགྲེམ་ཐོག་ཚོགས་རྒྱན་ལམ་ལུགས་ལུ་ དོགས་པ་ཡོད་མི་དེ་ཡང་ ཁོ་གིས་ ལམ་ལུགས་དང་འཁྲིལ་ ཚོགས་རྒྱན་བཙུགས་ཡོད་པ་ཅིན་ འགྲེམ་ཐོག་ཚོགས་རྒྱན་དེ་ དུས་ཚོད་ཁར་ ས་གནས་ནང་ ལྷོད་ཚུགས་པའི་ དོགས་པ་ཡོད་པའི་ཁར་ འགྲེམ་ཐོག་ཚོགས་རྒྱན་ཚུ་ དུས་ཚོད་ཁར་ ས་གནས་ནང་ མ་ལྷོད་མི་དང་ ལ་ལོ་ཅིག་ ཆ་མེད་འགྱོ་བའི་ ལོ་རྒྱུས་གོ་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ བཙག་འཐུ་ལྷན་ཚོགས་ཀྱིས་ མི་ག་ར་གིས་ ཚོགས་རྒྱན་བཙུགས་ཚུགསཔ་ ངེས་བརྟན་བཟོ་ཐབས་ལུ་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞབས་ཏོག་བྱིན་མི་དེ་ ལྷག་པར་དུ་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལས་ ཁག་ཆེ་ཤོས་ཅིག་ཨིནམ་ལས་ ཚོགས་རྒྱན་དེ་ གསེར་ཁྲི་རྩ་བ་ལས་ མི་སེར་ཚུ་ལུ་ གསོལ་རས་ཨིནམ་ལས་ ཆུད་ཟད་གཏང་ནི་མི་འོང་ཟེར་ཨིན་པས།

སློབ་ཕྲུག་ལ་ལོ་ཅིག་གིས་ འདེམས་ངོ་ཚུ་གི་སྐོར་ལས་ ཤེས་རྟོགས་མེད་པར་ཡོདཔ་ད་ དབང་པོ་སྐྱོན་ཅན་གྱི་སློབ་ཕྲུག་ སྐྱེས་ལོ་༡༩ ལང་མི་ ཆོས་སྐྱིད་དབང་ཕྱུག་གིས་ སླབ་མིའི་ནང་ ཁོ་གིས་ འདེམས་ངོ་དང་ ཁོང་གི་ ཁས་བླངས་ཚུ་གི་སྐོར་ལས་ མ་གོ་མི་ལུ་བརྟེན་ ག་ལུ་ཚོགས་རྒྱན་བཙུགས་ནི་ཨིན་ན་ མི་ཤེས་པས་ཟེར་ཨིན་རུང་ ཁོ་གིས་ ཚོགས་རྒྱན་བཙུགས་ནི་དེ་ འགོ་དང་པ་ཨིནམ་ལས་ སྤྲོ་བ་བསྐྱེད་དེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

བཟའ་གྲོགས་ལུ་ ཨམ་སྲུ་༤༤ ནག་ཚོང་འཐབ་པའི་ ཉེས་འཛུགས་ཀྱི་གྲོས་འདེབས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་ཚུ་ལུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ། ༉ མི་ཌཱལ་ཨིསི་ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ འབྲུག་པའི་ཨམ་སྲུ་ཚུ་ ཉེས་ཚོང་འཐབ་ཡོད་པའི་ ཁ་ཉེས་ཕོག་མི་ ལས་སྡེ་ངོ་ཚབ་༣༠ ཡོད་མི་ལས་ རྒྱལ་གཞུང་ཁྲིམས་སྲུང་འགག་སྡེའི་ དམིགས་བསལ་ཞིབ་དཔྱད་སྡེ་ཚན་ཅིག་གིས་ རྩོད་དོན་༡ ཉེས་བཤེར་གྱི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ …

Leave a Reply

Your email address will not be published. Required fields are marked *