བཙོན་པ་ཅིག་ལུ་ ད་རུང་ བཙོན་ཁྲིམས་ལོ་༣ དང་ཟླཝ་༦ བཀལ་ཡོདཔ།

༉ ཆུ་ཁ་ཁྲིམས་འདུན་གྱིས་ སྐྱེས་ལོ་༤༧ ལང་མི་ ཕོ་སྐྱེས་ཅིག་ མཆོད་རྟེན་སློངས་མི་དང་འབྲེལ་བའི་ གནད་དོན་ཐོག་ལུ་ བཙོན་ཁྲིམས་བཀལ་ཡོད་མི་དེ་ ཚང་ནི་ལུ་ ལོ་༡ དེ་ཅིག་ལས་མེད་རུང་ ཆོག་ཐམ་མེད་པར་ མཚོན་ཆ་འཆང་བའི་གནད་ལས་ ད་རུང་ བཙོན་ཁྲིམས་ལོ་༣ དང་ཟླཝ་༦ ཕོག་ཡོདཔ་ཨིན་པས།
སྤུ་ན་ཁ་ རྟ་ལོག་རྒེད་འོག་ ནོར་བུ་སྒང་ལས་ཨིན་མི་ ཉེས་ཅན་ཀརྨ་གིས་ གོ་མཚོན་དང་མདེའུ་ཚུ་ ཚུལ་མིན་ཐོག་ལས་ འཆང་སྤྱོད་འབད་བའི་ཉེས་འཛུགས་དེ་ཡང་ སྤྱི་ལོ་༢༠༡༧ ཟླ་༩ པའི་ཚེས་༣ ལུ་ ཁོ་རའི་བུ་གིས་ ཁུ་རུ་ཐང་ཁྲོམ་ཁར་ མདེའུ་ཚུ་དང་གཅིག་ཁར་ རྩེདམོ་རྩེ་སྡོད་པའི་སྐབས་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་བའི་ཤུལ་ལས་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།
ཞིབ་དཔྱད་འབད་བའི་སྐབས་ ཁོ་གིས་ མཚོན་ཆ་དེ་ སྤྱི་ལོ་༢༠༠༤ ལས་༢༠༡༧ ཚུན་ གནང་བ་ག་ནི་ཡང་མེད་པར་ ཚུལ་མིན་ཐོག་ལས་ འཆང་སྤྱོད་འབད་ཡོད་པའི་ ཤེས་རྟོགས་བྱུང་ཡོདཔ་ད་ ཀྲོབ་མདའ་དེ་ཡང་༣༠༣ ཟེར་མི་དེ་ཨིན་པའི་ཁར་ མདེའུ་༢༠༦ དང་ ཕོར་སྟོངམ་༣༡ དེ་ལས་ གས་མ་བཏུབ་པའི་མདེའུ་༥ ཐོབ་ཡོདཔ་ཨིན་པས།
ཉེས་ཅན་གྱིས་ མཚོན་ཆ་དེ་ ཚུལ་མིན་ཐོག་ལས་ འཆང་ཡོད་མི་ལུ་ ངོས་ལེན་འབད་ཡོདཔ་ད་ ཁོ་ར་ སྐུ་སྲུང་ཐུགས་རྟེན་གྱི་གནད་དོན་ལུ་བརྟེན་ བཙོན་ཁྲིམས་ལོ་༡༥ ཕོག་ཡོདཔ་ཨིན་པས།
ཁོ་རའི་བཙོན་ཁྲིམས་དེ་ སང་ཕོད་སྤྱི་ཟླ་༡༠ པའི་ཚེས་༡༧ ལུ་ ཚང་ནི་ཨིན་རུང་ ད་རེས་ཀྱི་ ཉེས་ལས་ཀྱི་བཙོན་ཁྲིམས་དེ་ འཕྲོ་མཐུད་དེ་ འབག་དགོཔ་ཨིན་པས།
མཚོན་ཆ་ཚུལ་མིན་ཐོག་ལས་འཆང་མི་དེ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༤༨༡ གི་དགོངས་དོན་ལྟར་ དབྱེ་རིམ་༤ པའི་ ཉེས་ཁྲིམས་བཀལ་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ངོ་ཚབ་ཀྱིས་ ཁྲིམས་འགལ་ཐོག་ལས་འཆང་མི་ མཚོན་ཆ་དེ་ལུ་ དབྱེ་རིམ་༤ པའི་ཉེས་ཁྲིམས་དམའ་ཤོས་ལོ་༣ ལས་ མཐོ་ཤོས་ལོ་༥ འི་བར་ན་ བཀལ་དགོཔ་སྦེ་ ཁྲིམས་འདུན་ལུ་ ཞུ་ཡོདཔ་ཨིན་པས།
ཀརྨ་ཁོ་ར་ ད་ལྟོ་ ཆུ་ཁ་ རྩི་མ་གཤམ་ལུ་ ན་གཞོན་ལམ་བཟང་ལྟེ་བ་ནང་ སློབ་སྟོན་པ་སྦེ་ ལཱ་འབད་དོ་ཡོདཔ་ལས་ རྩོད་བཤེར་གྱི་འཁྲུན་ཆོད་དེ་ ཆུ་ཁ་རྫོང་ཁག་ཁྲིམས་འདུན་གྱིས་ གནང་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *