བཙོག་གཡུར་ནང་ལས་ བཙོག་ཆུ་ལུད་པའི་མཐོང་སྣང།

བཙོག་ཆུ་ལུད་པའི་ དཀའ་ངལ་སེལ་ཐབས་ལུ་ བཙོག་དུང་ཚབ་བཙུགས་འབད་ནི།

༉ འདས་པའི་ཟླཝ་༣ གྱི་རིང་ ཐིམ་ཕུག་ལྕང་ཟམ་ཏོག་གི་ས་ཁོངས་ནང་ བཙོག་གཡུར་ནང་ལས་ བཙོག་ཆུ་ལུད་པའི་ དཀའ་ངལ་ཐོན་མི་དེ་ བཙོག་དུང་ཚབ་བཙུགས་ཐོག་ལས་ སེལ་ཐབས་འབད་ནི་ཨིན་པས།
བཙོག་དུང་བཙུགས་ནིའི་ ལཱ་དེ་ཡང་ བདུན་ཕྲག་འདི་ནང་ལས་ འགོ་བཙུགས་ཡོདཔ་ཨིན་པས།
ཁྲོམ་སྡེའི་བཟོ་རིག་འགོ་དཔོན་ སཱན་ཏོཤི་ སུ་བ་གིས་ སླབ༌མིའི༌ ནང༌ ད་རེས་ བཙུགས་ཡོད་པའི་ བཙོག་དུང་ཚུ་ སྣུམ་འཁོར་སྦོམ་ རྒྱུན་འགྲུལ་འཐབ་པའི་སྐབས་ མེདཔ་བཏང་ནུག་ཟེར་ཨིནམ་ད་ བཙོག་གཡུར་ཚུ་ བཟོ་བའི་སྐབས་ བཙོག་ཆུ་ ཐོགས་མི་ལུས་ནིའི་དོན་ལུ་ ས་དོང་རིངམོ་སྦེ་ བརྐོ་དགོཔ་ཨིན་རུང་ ས་གྱེན་ཡོད་པའི་ས་ཁོངས་ནང་ ས་དོང་དེ་ཅིག་ བརྐོ་དགོཔ་མེད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བཙོག་དུང་ཚུ་ ས་དོང་མི་ཊར་༠.༦ དེ་ཅིག་ནང་ བཙུགས་དགོཔ་བཞིན་དུ་ བཙོག་དུང་མི་ཊར་༡༥ དང་༢༠ ཡོད་མི་ཚུ་ ཚབ་བཙུགས་ནི་ཨིན་ཟེར་ཨིནམ་ད་ གལ་སྲིད་ ས་དོང་དེ་ ཚད་གཅིག་ལས་བརྒལ་ བརྐོ་བ་ཅིན་ ད་རུང་ བཙོག་ཆུ་ལུད་འགྱོ་ནིའི་ ཉེན་ཁ་ཡོདཔ་ལས་ རྩི་ས་གིས་བཟོ་མི་ཚུ་ བཙུགས་ནི་ཨིན་ཟེར་ཨིན་པས།
ལྕམ་ཟམ་ཏོག་ལུ་སྡོད་མི་ དོན་གྲུབ་ཀྱིས་ སླབ་མིའི་ནང་ ས་ཁོངས་ནང་ དུས་ཅི་ སྤྱི་ཟླ་༤ པ་ལས་ར་ བཙོག་གཡུར་ཚུ་ ལུད་འགྱོ་ནི་ འགོ་བཙུགས་པའི་ཤུལ་ལུ་ འདས་པའི་ཟླཝ་ནང་ལས་ བཙོག་གཡུར་བསུབས་ཏེ་ ས་ཁོངས་གཞན་ཁ་ལས་ བཙོག་ཆུ་ལུད་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གནད་དེའི་སྐོར་ལས་ ཁྲོམ་སྡེ་ཡིག་ཚང་ནང་ ཡི་གུ་༢ བཙུགས་ཡོདཔ་ད་ ཡི་གུ་དང་པ་དེ་ འདས་པའི་ལོ་ཟླཝ་༣ དེ་ཅིག་ནང་ ཕུལ་ཡོདཔ་བཞིན་དུ་ ཡི་གུ་༢ པམ་དེ་ ཟླཝ་༡ གི་ཧེ་མར་ བཙུགས་ཅི་ཟེར་ཨིན་པས།
ལྕམ་ཟམ་ཏོག་གི་ ས་ཁོངས་ནང་ བཙོག་གཡུར་ཚུ་ཡང་ དམིགས་བསལ་དུ་ འཁོར་ལམ་རག་རོ་ཡོད་པའི་ ས་ཁོངས་ཚུ་ལས་ ལུད་འགྱོ་དོ་ཡོདཔ་ཨིན་པས།
དོན་གྲུབ་ཀྱིས་ སླབ་མིའི་ནང་ འཕྲལ་ཁམས་ཅིག་ཁར་ ས་གནས་ནང་སྡོད་མི་༢ བཙོག་གཡུར་གྱི་དྲིམ་དང་ ས་ཁོངས་གཙང་སྦྲ་མེད་མི་ལུ་བརྟེན་ ས་གནས་གཞན་ཁར་ སྤོ་ཡར་སོ་ཡི་ཟེར་ཨིན་པས།
ཁྲོམ་སྡེ་འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ས་ཁོངས་དེ་ནང་ ལཱ་འབད་ནིའི་དོན་ལུ་ ལས་མིའི་གྱངས་ཁ་དང་ ཅ་ཆས་ཚུ་ལུ་ རག་ལས་ཟེར་ཨིནམ་ད་ དུས་ཅི་ ཁྲོམ་སྡེ་ནང་ བཙོག་གཡུར་ཉམས་བཅོས་དང་ ཕྱགསམ་འཕྱག་མི་༡༠ དེ་ཅིག་ ཡོད་ཟེར་ཨིནམ་ད་ ད་རེས་ རྒྱ་གར་གྱི་ ལས་མི་མང་ཤོས་ར་ ཁོ་རའི་གཡུས་ཁར་ སོང་ཡོདཔ་ལས་ ལོག་འོང་མི་བཏུབ་པས་ཟེར་ཨིན་པས།
དེ་བཟུམ་མའི་ལཱ་དེ་ འབྲུག་མི་ཚུ་གིས་ འབད་མི་བཏུབ་དོ་ཡོདཔ་ལས་ རྒྱ་གར་གྱི་ ལས་མི་ཚུ་ལུ་ར་ བརྟེན་སྡོད་དགོ་པས་ཟེར་ཨིན་པས།
སཱན་ཏོཤི་ སུ་བཱ་གིས་ སླབ་མིའི་ནང་ ཁྲོམ་སྡེ་གིས་ ས་ཁོངས་ནང་ ལཱ་འབད་ནིའི་དོན་ལུ་ འཕྲུལ་ཆས་དང་ སྣུམ་འཁོར་ཚུ་ བཙུགས་ཏེ་ཡོདཔ་ད་ གལ་སྲིད་ འཕྲོ་མཐུད་དེ་ར་ བཙོག་ཆུ་ལུད་པ་ཅིན་ འཁོར་ལམ་མེདཔ་གཏང་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་ཁོངས་དེ་ནང་ བཙོག་གཡུར་གྱི་ ལམ་ལུགས་ཚུ་ཡང་ ཁྱིམ་གུང་པ་ ཉུང་སུ་ཡོད་མི་ཚུ་གི་དོན་ལུ་ བཟོ་བཀོད་འབད་ནུག་ཟེར་ཨིནམ་ད་ ད་རེས་ མི་རློབས་ཀྱི་གྱངས་ཁ་དང་ ཁྱིམ་གུང་ཡར་སེང་སོང་མི་ལུ་བརྟེན་ བཙོག་གཡུར་དང་འབྲེལ་བའི་ དཀའ་ངལ་ཚུ་ བྱུངམ་མས་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *