བཙན་སྐྱོགས་རྒྱལ་མཚན་གྱིས་ གཱོལ་༢ བཙུགས་ཏེ་ པཱན་ཇབ་སྡེ་ཚན་ རྒྱལ་ཁ་ཐོབ་ཡོདཔ།

༉ ཧི་རོ་ཨའེ་ལིག་ཕུཊ༌བཱོལ་རྩེད་འགྲན་གྱི་ སྐོར་ཐེངས་༦ པའི་ནང་ འབྲུག་ལས་ ཕུཊ༌བཱོལ་རྩེད་འགྲན་པ་ བཙན་སྐྱོགས་རྒྱལ་མཚན་གྱིས་ གཱོལ་༢ བཙུགས་མི་ལུ་བརྟེན་ པཱན་ཇབ་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོད་པའི་ཁར་ རྩེད་འགྲན་པ་དྲག་ཤོས་ཀྱི་གསོལ་རས་ རུ་པི་༢༥,༠༠༠ དང་ རྟགས་མ་ཐོབ་ནུག།

རྩེད་འགྲན་སྐོར་ཐེངས་༥ པ་ཚུན་ སྡེ་ཚན་༤ དང་ རྒྱལ་ཕམ་ཕྱེ་མ་ཚུགས་པའི་ཁར་ སྡེ་ཚན་༡ ལས་ རྒྱལ་ཁ་ཐོབ་སྟེ་ ཨང་༣ པའི་ནང་ཨིན་མི་ ཊའུ་སྡེ་ཚན་དེ་ སྤྱི་ཟླ་༢ པའི་ཚེས་༤ ལུ་ ར་འུན་ག་ལཱསི་ པཱན་ཇབ་སྡེ་ཚན་གྱིས་ གཱོལ་༢ བཙུགས་ཏེ་ ཕམ་བཏངམ་ད་ གཱོལ་༡ ཡང་ བཙུགས་མ་ཚུགསཔ་ཨིན་པས།

དེ་ཡང་ སྡེ་ཚན་༢ ཀྱི་བར་ན་ འགྲན་བསྡུར་འགོ་བཙུགས་ཏེ་ བར་མཚམས་མ་ལེན་པའི་ སྐར་མ་༢ ལུ་ རང་འུང་ག་ལཱསི་ པཱན་ཇབ་ལས་ བཙན་སྐྱོགས་རྒྱལ་མཚན་གྱིས་ གཱོལ་༡ བཙུགས་ཡོདཔ་བཞིན་དུ་ བར་མཚམས་ཤུལ་ལས་ ད་རུང་ སྐར་མ་༦༤ ལུ་ བཙན་སྐྱོགས་རྒྱལ་མཚན་གྱིས་ གཱོལ་༢ པམ་ བཙུགས་ཡོདཔ་ཨིན་པས།

མ་གཞི་ ཊའུ་སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་གིས་ གདོང་ལེན་སྦོམ་འབད་རུང་ དོ་འགྲན་འབད་མ་ཚུགས་པར་ ཕམ་ཡོདཔ་ད་ འགྲན་བསྡུར་དེ་ རྒྱ་གར་ ནུབ་བེང་གལ་ལུ་ཡོད་མི་ ཀལ་ཡ་ནི་ ཁྲོམ་སྡེ་ཕུཊ་བཱོལ་རྩེད་ཐང་ནང་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

ར་འུན་ག་ལཱསི་ པཱན་ཇབ་སྡེ་ཚན་གྱིས་ སྐུགས་༨ ཐོབ་སྟེ་ ཨང་༣ པའི་ལྷོད་ཡོདཔ་ད་ ཊའུ་སྡེ་ཚན་དེ་ ཨང་༧ པའི་ནང་ མར་བབས་སོང་མི་དེ་ འབྲུག་ལས་ རྩེད་འགྲན་འབད་མི་ བཙན་སྐྱོགས་རྒྱལ་མཚན་གྱིས་ གཱོལ་བཙུགས་མི་ལུ་བརྟེན་ཨིན་ཟེར་ ཧི་རོ་ཨའེ་ལིག་བརྡ་བརྒྱུདཔ་ལས་ཁང་ ཨཕ་གིས་ གནས་ཚུལ་གསར་བཏོན་ནང་ བཀོད་ནུག།

རྩེད་འགྲན་པ་དྲག་ཤོས་ བཙན་སྐྱོགས་རྒྱལ་མཚན་གྱིས་ རྒྱལ་སྤྱིའི་རྩེད་འགྲན་པ་ཚུ་དང་གཅིག་ཁར་ རྩེད་འགྲན་འབད་ནིའི་ གོ་སྐབས་ཐོབ་ཡོདཔ་བཞིན་དུ་ ལྕོགས་གྲུབ་དང་ རིག་རྩལ་ཚུ་བཏོན་ཏེ་ མིང་གཏམ་ཡར་དྲག་བཏང་ཡོདཔ་ལས་ འབྲུག་མི་ཚུ་ དཔའ་ཉམས་བྱུང་སྟེ་འདུག།

ཐིམ་ཕུག་ལས་ ཡེ་ཤེས་རྡོ་རྗེ་དང་ ཆ་རོགས་སྡེ་ཚན་ཅིག་གིས་ སླབ་མིའི་ནང་ བཙན་སྐྱོགས་རྒྱལ་མཚན་གྱིས་ རྩེད་འགྲན་པ་དྲག་ཤོས་ཀྱི་ གསོལ་རས་ཐོབ་པའི་སྐབས་ འབྲུག་པའི་མི་སེར་ཚུ་ དཔའ་ཉམས་བསྐྱེད་དགོཔ་འདུག་ཟེར་ཨིནམ་ད་ འཛམ་གླིང་རྒྱལ་སྤྱིའི་ནང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ རྒྱལ་ཁབ་མིང་གཏམ་ ཡར་དྲག་གཏང་ཚུགས་པས་ཟེར་ཨིན་པས།

དུས་ཅི་ ཧི་རོ་ ཨའེ་ལིག་ཕུཊ་བཱོལ་རྩེད་འགྲན་ལས་ བཙན་སྐྱོགས་རྒྱལ་མཚན་གྱིས་ གཱོལ་མངམ་བཙུགས་ཏེ་ དྲག་ཤོས་འཐོན་ཚུགས་པའི་ རེ་བ་དང་གཅིག་ཁར་ འབྲུག་ལས་ ལྡི་ལི་སུ་ཌི་བ་སྡེ་ཚན་གྱི་ སློབ་སྟོན་གོངམ་ བཙན་སྐྱོགས་རྡོ་རྗེ་གི་ འགོ་ཁྲིད་ཐོག་ལུ་ སྡེ་ཚན་ཨང་༡ པ་ འཐོབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།

སྤྱི་ཟླ་༢ པའི་ཚེས་༣ ལུ་ སུ་ཌི་བ་སྡེ་ཚན་གྱིས་ ཨིན་ཌེན་ཨེ་རོསུ་ལུ་ གཱོལ་༣ བཙུགས་ཏེ་ རྒྱལ་ཁ་ཐོབ་བཞིན་དུ་ སྐུགས་༨ ཐོབ་སྟེ་ ཨང་༤ པའི་ནང་ ལྷོད་ཡོདཔ་ད་ ཧི་རོ་ ཨའེ་ལིག་ཕུཊ༌བཱོལ་རྩེད་འགྲན་ནང་ སྡེ་ཚན་༡༡ གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *