བསྟན་རྒྱས་བློན་པོ་ལས་སྐྱིད་རྡོ་རྗེ་གིས་ ས་སྣུམ་བཀྲམ་སྤེལ་ཁང་ གཞི་བཙུགས་འབད་ནིའི་དོན་ལུ་ ས་ཆ་གཟིགས་ཞིབ་གནང་པའི་བསྒང་།

བཙན་མཁར་རྒེད་འོག་ནང་ ས་སྣུམ་བཀྲམ་སྤེལ་ཁང་ གཞི་བཙུགས་འབད་ནིའི་འོས་འབབ།

༉ ལྷུན་རྩེ་ བཙན་མཁར་རྒེད་འོག་གི་ས་གནས་ བྱ་ཁྱུང་ལུ་ ས་སྣུམ་བཀྲམ་སྤེལ་ཁང་ གཞི་བཙུགས་འབད་ནི་ཨིན་མི་དེ་གིས་ རྒེད་འོག་༣ གྱི་ མི་སེར་ཚུ་གིས་མ་ཚད་ ཆ་མཉམ་ལུ་ར་ ཁེ་ཕན་འབྱུང་ནི་ཨིན་པས།
དེ་ཡང་ ཀི་ལོ་ལི་ཊར་༥༠,༠༠༠ ཤོང་མི་ ཌི་ཟིལ་དང་ ཀི་ལོ་ལི་ཊར་སྟོང་ཕྲག་༢༠ ཤོང་མི་ པེ་ཊཱོལ་གྱི་ མཛོད་ཁང་༢ ས་དོང་ནང་ བཟོ་སྐྲུན་འབད་ནི་དང་ མེ་རླུང་གེསི་རྒྱ་རྫི་ དེ་ལས་ ཡིག་ཚང་ཚུ་ དུས་ཅི་ལས་ འགོ་བཙུགས་ནིའི་ འཆར་གཞི་འདུག།
ས་སྣུམ་བཀྲམ་སྤེལ་ཁང་ གཞི་བཙུགས་འབད་བའི་ཤུལ་ལས་ བཙན་མཁར་རྒེད་འོག་དང་ རྒྱ་རེད་ དེ་ལས་ སྨད་མཚོ་རྒེད་འོག་༣ གྱི་ མི་སེར་ཚུ་ ཨ་རྟག་བཟུམ་སྦེ་ སྣུམ་འཁོར་ནང་ ས་སྣུམ་བླུག་ནིའི་དོན་ལུ་ མོང་སྒར་དང་ ལྷུན་རྩེ་རྫོང་ཁག་ནང་ཡོད་པའི་ ས་སྣུམ་བཀྲམ་སྤེལ་ཁང་ཚུན་ འགྲོ་འགྲུལ་འབད་མི་དགོ་ནི་ཨིན་པས།
འཕྲལ་ཁམས་ཅིག་ཁར་ བསྟན་རྒྱས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ ལུང་ཕྱོགས་ཚོང་དང་བཟོ་གྲྭ་ཡིག་ཚང་གིས་ ངོས་འཛིན་འབད་མི་ ས་གནས་བྱ་ཁྱུང་གི་ གནས་སྟངས་ཚུ་ ལུ་ལྟ་ཞིབ་འབད་བའི་ཁར་ ལྷུན་རྩེ་རྫོང་བདག་དང་གཅིག་ཁར་ གྲོས་བསྟུན་འབད་ཡི།
བློན་པོ་ལས་སྐྱིད་རྡོ་རྗེ་གིས་ སླབ་མིའི་ནང་ རྒེད་འོག་རེ་ལུ་ ས་སྣུམ་བཀྲམ་སྤེལ་ཁང་རེ་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོད་མི་དང་འཁྲིལ་ བཙན་མཁར་རྒེད་འོག་ནང་ གཞི་བཙུགས་འབད་ནི་ཟེར་ཨིན་པས།
དེ་མ་ཚད་ གཞུང་སྐྱོང་གི་ གནས་ཡུན་མ་ཚང་པའི་ཧེ་མར་ རྒེད་འོག་ཚུ་ནང་ བཀྲམ་སྤེལ་ཁང་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ བསྟན་རྒྱས་ལྷན་ཁག་དང་ སོ་ནམ་དང་ནགས་ཚལ་ལྷན་ཁག་འོག་གི་ སོ་ནམ་འཕྲུལ་ཆས་ལས་འཛིན་དང་གཅིག་ཁར་ གོ་བརྡའི་ཆིངས་ཡིག་བཟོ་སྟེ་ཡོད་ཟེར་ བློན་པོ་གིས་ བཤད་ཅི།
མོང་སྒར་ ལུང་ཕྱོགས་ཚོང་དང་བཟོ་གྲྭ་ཡིག་ཚང་གི་འགོ་དཔོན་ ཀརྨ་ཚེ་དབང་རིག་འཛིན་གྱིས་ སླབ་མིའི་ནང་ བསྟན་རྒྱས་ལྷན་ཁག་གི་ བཀོད་རྒྱ་དང་འཁྲིལ་ འབྲུག་ས་སྣུམ་བཀྲམ་སྤེལ་དང་གཅིག་ཁར་ གྲོས་བསྟུན་འབད་བའི་ཤུལ་ལུ་ ལྷུན་རྩེ་རྫོང་ཁག་ནང་ ཧེ་མ་ཡོད་པའི་གུ་ ད་རུང་ ས་སྣུམ་བཀྲམ་སྤེལ་ཁང་ཅིག་ གཞི་བཙུགས་འབདཝ་ཨིན་ཟེར་ཨིན་པས།
སྐྱེས་ལོ་༥༢ ལང་མི་ ཡོན་ཏན་འཕྲིན་ལས་ཀྱིས་ སླབ་མིའི་ནང་ ཨའུ་མཚོ་ཡན་ལག་ཁྲོམ་གྱི་ཉེ་འདབས་ལུ་ ས་སྣུམ་བཀྲམ་སྤེལ་ཁང་ གཞི་བཙུགས་འབད་ནི་ཨིན་མི་དེ་གིས་ རྒེད་འོག་༣ གྱི་མི་སེར་ཚུ་ལུ་ ཁེ་ཕན་འབྱུང་ཚུགས་པའི་ཁར་ ཨའུ་མཚོ་གི་མི་སེར་ཚུ་ལུ་ཡང་ ཁེ་ཕན་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་གྱི་བར་ན་ བཙན་མཁར་དང་ རྒྱ་རེད་ དེ་ལས་ སྨད་མཚོ་རྒེད་འོག་༣ གྱི་ མི་སེར་དང་ ཞི་གཡོགཔ་ཚུ་ལུ་ གདོང་ལེན་ཅན་ཡོད་མི་དེ་ཡང་ སྣུམ་འཁོར་ནང་ ས་སྣུམ་བླུག་དགོ་པ་ཅིན་ མོང་སྒར་ལུ་ ཀི་ལོ་མི་ཊར་༣༧ འགྱོ་དགོཔ་དང་ ལྷུན་རྩེ་ སུམ་པའི་ས་སྣུམ་བཀྲམ་སྤེལ་ཚུན་ ཀི་ལོ་མི་ཊར་༤༠ འགྱོ་དགོ་ཟེར་ཨིན་པས།
ཤེས་རབ་ཀྱིས་ སླབ་མིའི་ནང་ མེ་རླུང་རྒྱ་རྫི་སོར་ནིའི་དོན་ལུ་ གླ་འཁོར་ནང་ འགྱོ་དགོ་པ་ཅིན་ མི་རེ་གིས་ གླ་ཆ་དངུལ་ཀྲམ་༤༠༠ རེ་ སྤྲོད་དགོ་་ཟེར་ཨིན་པས།
དེ་བཟུམ་སྦེ་ ཨའུ་མཚོ་ཁྲོམ་ཁར་སྡོད་མི་ ངག་དབང་ཚེ་རིང་གིས་ སླབ་མིའི་ནང་ འཕྲལ་འཕྲལ་སྐབས་ མི་གསརཔ་ཚུ་ ལྷུན་རྩེ་རྫོང་ཁག་ནང་ རྒྱུན་འགྲུལ་འབད་བའི་སྐབས་ སྣུམ་འཁོར་གྱི་ ས་སྣུམ་རྫོགས་ཏེ་ ཞག་༢ དང་༣ ཐོགས་ལུས་ཏེ་ དཀའ་ངལ་བྱུང་སར་མཐོང་ཡོདཔ་ལས་ ད་ལས་ཕར་ གདོང་ལེན་ཚུ་ སེལ་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།
ས་ཆའི་གནས་སྟངས་ དབྱེ་ཞིབ་འབད་ནིའི་དོན་ལུ་ རྒྱ་གར་ གོ་ཧ་ཊི་ལས་ ས་སྣུམ་མཁས་མཆོག་སྡེ་ཚན་ཅིག་ འོང་ཞིནམ་ལས་ བཟོ་བཀོད་དང་ ལས་རིམ་ཚུ་བཟོ་སྟེ་ ལོག་སོང་ཡོདཔ་སྦེ་ཨིན་པས།
དེ་གིས་མ་དོ་བར་ ལུང་ཕྱོགས་ཚོང་དང་བཟོ་གྲྭ་འགོ་དཔོན་ ཀརྨ་ཚེ་དབང་རིག་འཛིན་གྱིས་ སླབ་མིའི་ནང་ ས་སྣུམ་བཀྲམ་སྤེལ་ཁང་ གཞི་བཙུགས་ཀྱི་དོན་ལུ་ བྱ་ཁྱུང་གི་ས་གནས་དེ་ རྫོང་ཁག་བདག་སྐྱོང་གིས་ རྒྱབ་སྐྱོར་འབད་བའི་ཤུལ་ལུ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་ དྲུང་ཆེན་ཡིག་ཚང་ནང་ ཡིག་ཆ་ཚུ་ ཕུལ་ཏེ་ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ ས་སྣུམ་བཀྲམ་སྤེལ་ཁང་དེ་ དུས་ཅི་གི་ ལོ་རྫོགས་ཁམས་ཅིག་ཁར་ ལག་ལེན་འཐབ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

གྱེན་ལོག་དམག་རྒོལ་གྱི་ རྩོད་བཤེར་སྙན་གསན་ནང་ ཁྲིམས་སྲུང་འགག་སྡེ་གིས་ བརྡ་བརྒྱུདཔ་ཚུ་ ལྟ་རྟོག་དམ་དམ་འབད་དོ་ཡོདཔ།

༉ འབྲུག་པའི་བརྡ་བརྒྱུད་ལས་ཁང་ཚུ་ནང་ ལཱ་འབད་མི་ཚུ་གིས་ གནས་ཚུལ་ཚུ་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགས་དོ་བཟུམ་མའི་ ཚོར་སྣང་བྱུངམ་ཨིན་རུང་ ཁྲིམས་སྲུང་འགག་སྡེ་གིས་ ཁྲིམས་འདུན་གྱི་ས་ཁོངས་ཚུ་ནང་ འཛུལ་བའི་སྐབས་ ཚད་འཛིན་དང་ བཀག་འཛིན་ཚུ་ འབད་དོ་ཡོདཔ་ཨིན་པས། ཁྲིམས་སྲུང་འགག་སྡེ་ལས་ བརྡ་དོན་ཚུ་འཐོབ་ནིའི་ཐད་ཁར་ …

Leave a Reply

Your email address will not be published. Required fields are marked *