གསང་སྦས་ཁ་འདེམས་ཁོངས་ཀྱི་འཐུས་མི་ རྡོ་རྗེ་དབང་མོ།

བཙན་གཡེམ་དང་ ཕོ་མོའི་བར་ན་ རྩུབ་སྤྱོད་མར་ཕབ་ཀྱི་དོན་ལུ་ གྲ་སྒྲིག་འབད་ཡོདཔ།

༉ རྒྱལ་ཁབ་ནང་ བཙན་གཡེམ་ཉེས་འགལ་འབད་མི་དང་ ཕོ་མོའི་བར་ན་ རྩུབ་སྤྱོད་མར་ཕབ་འབད་ནིའི་དོན་ལུ་ གཞུང་གིས་ དམིགས་གཏད་སྦོམ་བསྐྱེད་ཞིནམ་ལས་ གོ་བརྡའི་ལས་རིམ་ཚུ་ ག་དེ་དྲག་དྲག་སྤེལ་བའི་ཁར་ རྫོང་ཁག་༢༠ ནང་ ཁྲིམས་དོན་འགོ་དཔོན་ལུ་ འགན་ཁུར་སྤྲོད་ནིའི་དོན་ལུ་ ལཱ་ཚུ་འབད་བའི་བསྒང་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༡༡ པའི་ཚེས་༢༢ ལུ་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་ནང་ ཧཱ་གསང་སྦས་ཁ་འདེམས་ཁོངས་ཀྱི་འཐུས་མི་ རྡོ་རྗེ་དབང་མོ་གིས་ དྲི་བ་ཞུ་བའི་ལན་ལུ་ ཕྱི་འབྲེལ་བློན་པོ་ རྟ་མགྲིན་རྡོ་རྗེ་གིས་ ཞུ་ཡོདཔ་ཨིན།
འཐུས་མི་རྡོ་རྗེ་དབང་མོ་གིས་ དྲི་བ་ཞུ་མིའི་ནང་ ཕྱི་འབྲེལ་བློན་པོ་དེ་ རྒྱལ་ཡོངས་ཨ་ལོ་དང་ཨམ་སྲུའི་ལྷན་ཚོགས་ཀྱི་ ཁྲི འཛིན་ཨིནམ་ལས་ ཞིབ་འཚོལ་དང་འཁྲིལ་བ་ཅིན་ བཙན་གཡེམ་གྱི་ཉེས་འགེལ་འབད་མི་ ཡར་སེང་འགྱོ་མིའི་གནད་དོན་དང་འཁྲིལ་ དྲི་བ་ཞུ་དོ་ཟེར་ཨིན་པས།
འཐུས་མི་གིས་ ཞུ་མིའི་ནང་ སྤྱི་ཚོགས་༣ པའི་ཚོགས་ཐེངས་༤ པའི་ནང་ བཙན་གཡེམ་གྱི་ ཉེས་འགེལ་འབད་མིའི་ ཁྲིམས་ཀྱི་ཉེས་རིམ་ཚུ་ཡང་ ཡར་སེང་འབད་བའི་ཁར་ ཁྲིམས་དམ་དམ་བཟོ་ཡི་ཟེར་ཨིན་པས།
རྒྱལ་ཁབ་ནང་ བཙན་གཡེམ་གྱི་ཁྲིམས་ དམ་དམ་བཟོ་ཞིནམ་ལས་ཚུར་ བཙན་གཡེམ་གྱི་ཁྲིམས་འགལ་འབད་མི་ ཡར་སེང་དང་ ཡང་ན་ མར་ཕབ་ག་དེ་སྦེ་སོང་ཡོདཔ་ཨིན་ན་ བློན་པོ་གིས་ ཚོགས་དམངས་ལུ་ སྙན་ཞུ་འབད་དགོ་པའི་ཁར་ བཙན་གཡེམ་གྱི་ཉེས་འགལ་འབད་མི་ འཕྲལ་འཕྲལ་ར་འཐོན་དོ་ཡོདཔ་ལས་ ཚ་གྱང་ལང་དགོ་པའི་གཞི་གནད་ལུ་ གྱུར་ཏེ་འདུག་ཟེར་ཞུ་ཡི།
ལྷག་པར་དུ་ བཙན་གཡེམ་ཉེས་འགལ་འབད་མི་ཚུ་ བཀག་འཛིན་འབད་ནིའི་དོན་ལུ་ གོ་བ་བརྡ་སྤྲོད་འབད་དགོ་པའི་ གསུང་གྲོས་གནང་ཡོདཔ་ལས་ གཞུང་གི་ཁ་ཐུག་ལས་ གོ་བརྡའི་ལས་རིམ་ལུ་ བརྩོན་ཤུགས་དང་ ཐབས་ལམ་ཚུ་ ག་དེ་སྦེ་ར་ བཏོན་གནང་དོ་ག་ ཚོགས་དམངས་ལུ་ ཞུ་གནང་དགོཔ་སྦེ་ དྲི་བ་ཞུ་ཡི།
དེ་ལུ་ བློན་པོ་རྟ་མགྲིན་རྡོ་རྗེ་གིས་ སྤྱི་ལོ་༢༠༢༠ ལུ་ སྤྱི་ཚོགས་ཀྱིས་ ཐུགས་ཀྱི་ཚ་གྱང་བཞེས་ཞིནམ་ལས་ བཙན་གཡེམ་གྱི་ཁྲིམས་ལུགས་དེ་ དམ་དམ་བཟོ་ཡི་ཟེར་ཞུ་ཡི།
ཁྲིམས་དེ་ལུ་བརྟེན་ བཙན་གཡེམ་འབད་མི་དེ་ ཡར་སེང་དང་ མར་ཕབ་ག་དེ་སྦེ་འགྱོ་འོང་ག་ཟེར་ གསུང་གྲོས་ཞིབ་ཞིབ་གནང་ཡོདཔ་བཞིན་དུ་ ཁྲིམས་དམ་དྲགས་ག་དེ་སྦེ་བཟོ་རུང་ ཉེས་འགལ་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་དེ་ར་འདུག་ཟེར་ བློན་པོ་གིས་ཞུ་ཡི།
གནས་ཚུལ་བཟུམ་ཅིག་སྦེ་ བློན་པོ་གིས་ ཚོགས་དམངས་ལུ་ ཞུ་མིའི་ནང་ སྤྱི་ལོ་༢༠༡༩ ལུ་ བཙན་གཡེམ་གྱི་ཉེས་འགལ་འབད་མིའི་གྱངས་ཁ་༡༤ ཐོན་མི་དེ་ སྤྱི་ལོ་༢༠༢༠ ལུ་ གནད་དོན་༡༦ ལུ་ ཡར་སེང་སོང་བའི་ཁར་ སྤྱི་ལོ་༢༠༢༡ ལུ་ ཉེས་འགལ་འབད་མི་ གནད་དོན་༣༤ ལུ་ ཡར་སེང་སོང་ཡོད་རུང་ སྤྱི་ལོ་༢༠༢༢ ཟླ་༡༡ པའི་ཚེས་༢༢ ཚུན་ ཁྲིམས་འགལ་འབད་མིའི་ གནད་དོན་༡༥ ལུ་ མར་ཕབ་སོང་ནུག་ཟེར་ཨིན་པས།
ཉེས་འགལ་འབད་མི་གནད་དོན་༡༥ པོ་དེ་ཡང་ ཕོ་མོའི་བར་ན་ རྩུབ་སྤྱོད་དང་ གནད་དོན་གཞན་མི་༤ པོ་དེ་ བཙན་གཡེམ་འབད་དེ་འདུག་ཟེར་ བློན་པོ་གིས་ཞུ་ཡི།
དེ་བཟུམ་སྦེ་ ཁྲིམས་ཀྱི་མདུན་སའི་ ཐོ་བཀོད་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༢༡ ལུ་ བཙན་གཡེམ་གྱི་ཉེས་འགལ་འབད་མིའི་ གནད་དོན་༤༣ ཁྲིམས་ཀྱི་འདུན་སར་ བསྐྱལ་ཡོདཔ་ད་ སྤྱི་ལོ་༢༠༢༢ ལུ་ གནད་དོན་གྱི་གྱངས་ཁ་༢༩ གུ་ མར་བབས་སོང་ནུག་ཟེར་ཨིན་པས།
སྤྱི་ལོ་༢༠༡༩ ལས་༢༠༢༡ ཚུན་ ཡར་སེང་སོང་མི་དེ་ལུ་ བློན་པོ་གིས་ ཞུ་མིའི་ནང་ འབྲུག་ལུ་རྐྱངམ་གཅིག་མེན་པར་ འཛམ་གླིང་རྒྱལ་ཁབ་ག་རའི་ནང་ ནད་ཡམས་ཀོ་བིཌ་ལུ་བརྟེན་ འགྲུལ་སྐྱོད་བཀག་དམ་འབད་བའི་སྐབས་ ཕོ་མོའི་བར་ན་ རྩུབ་སྤྱོད་འབད་མི་ ཡར་སེང་སོང་ནུག་ཟེར་ཨིན་པས།
དེ་དང་ཅོག་འཐདཔ་སྦེ་ འབྲུག་ལུ་ཡང་ བཙན་གཡེམ་དང་ ལུས་འབྲེལ་གྱི་དོན་ལུ་ རྩུབ་སྤྱོད་གནད་དོན་དེ་ སྤྱི་ལོ་༢༠༢༠ དང་༢༠༢༡ གི་བར་ན་ ཚ་གྱང་ཅན་ཅིག་སྦེ་ར་ བྱུང་ནུག་ཟེར་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༢༡ གི་སྙན་ཞུ་དང་འཁྲིལ་བ་ཅིན་ བཙན་གཡེམ་གྱི་གནད་དོན་བརྒྱ་ཆ་༥༠ དེ་ཅིག་ མར་བབས་སོང་མི་དེ་ གནས་ཚད་ལེགས་ཤོམ་ཅིག་ནང་ ལྷོད་པའི་རྟགས་མཚན་སྟོནམ་མས་ཟེར་ བློན་པོ་གིས་ ཞུ་ཡི།
དེ་སྦེ་ ལེགས་ཤོམ་འགྱོ་དགོ་པའི་ གནད་དོན་དེ་ཡང་ རྒྱལ་ཡོངས་ཨ་ལོ་དང་ཨམ་སྲུའི་ལྷན་ཚོགས་དང་ རྒྱལ་གཞུང་འབྲུག་གི་འགག་སྡེ་ བསྐྱར་གསོ་ལྟེ་བ་ ལས་ཁུངས་དང་ལས་སྡེ་སོ་སོ་ ས་གནས་གཞུང་གི་འགོ་ཁྲིདཔ་ དེ་ལས་ གཞན་ལས་སྡེའི་འགོ་དཔོན་ཚུ་གིས་ མི་སེར་ལུ་ གོ་བ་བརྡ་སྤྲོད་མང་རབས་ཅིག་འབད་བའི་ཁར་ མི་སྡེ་བརྡ་བརྒྱུད་ཚུ་ནང་ སྤེལ་མི་ དེ་ལས་ ན་གཞོན་བུམོ་དང་ ཨམ་སྲུའི་གཟུགས་ཁར་ ལགཔ་དཀྲོགས་ནི་ལུ་ ལེགས་ཤོམ་ཡོད་མི་ཅིག་དང་ ལེགས་ཤོམ་མེན་པའི་སྐོར་ ལས་རིམ་དེ་ རྒྱང་མཐོང་ནང་ མཇལ་ཚུགས་ཟེར་ བློན་པོ་གིས་ཞུ་ཡི།
མི་དབང་རྒྱལ་བཙུན་མཆོག་གིས་ཡང་ ཐུགས་ཀྱི་ཚ་གྱང་བཞེས་ཏེ་ པདྨ་ལྟེ་བ་གཞི་བཙུགས་འབད་མིའི་ནང་ ཨམ་སྲུ་དང་ ཨ་ལོ་ལུ་ འ་ནི་བཟུམ་གྱི་ཞབས་ཏོག་ཚུ་ ཞུ་དགོཔ་སྦེ་ བཀའ་གནང་སྟེ་ར་ཡོད་ཟེར་ཞུ་ཡི།
དེ་བཟུམ་སྦེ་ བཙན་གཡེམ་འབད་མི་ཚུ་ བཀག་ཐབས་འབད་ནིའི་དོན་ལུ་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་དང་ ཤེས་རིག་ལྷན་ཁག་ ཁྲིམས་སྲུང་འགག་སྡེ་ གྲྭ་ཚང་ལྷན་ཚོགས་ དེ་ལས་ གཙོ་བོ་ཅིག་ བརྡ་བརྒྱུདཔ་ཚུ་ལུ་ མི་སྡེའི་བྱ་སྤྱོད་བསྒྱུར་བཅོས་འབད་དགོ་པའི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་མི་དེ་ རྫོང་ཁག་༢༠ ནང་ དར་ཁྱབ་འགྱོ་བའི་བསྒང་ཡོདཔ་སྦེ་ཞུ་ཡི།
མི་སྡེའི་ནང་ བྱ་སྤྱོད་བསྒྱུར་བཅོས་འབད་དགོ་པའི་ ལས་རིམ་ཅིག་ བསམ་རྩེ་དང་ ཐིམ་ཕུག་ དེ་ལས་ བཀྲིས་སྒང་རྫོང་ཁག་༣ ནང་ འགོ་དང་པ་ འགོ་བཙུགས་མི་དེ་ གྲུབ་འབྲས་ལེགས་ཤོམ་ཐོན་མི་ལུ་བརྟེན་ རྫོང་ཁག་༢༠ ག་རའི་ནང་ འགོ་བཙུགས་ཡོདཔ་སྦེ་ བློན་པོ་གིས་ཞུ་ཡི།
བརྡ་བརྒྱུདཔ་ཚུ་ལུ་ཡང་ སྦྱོང་བརྡར་ལན་ཐེངས་༢ དེ་ཅིག་ འགོ་འདྲེན་འཐབ་ཡོདཔ་ལས་ བརྡ་བརྒྱུད་ཀྱི་ཐོག་ལས་ཡང་ གོ་བརྡ་སྤེལ་དགོཔ་སྦེ་ཡོད་ཟེར་ཨིན་པས།
ཕོ་མོ་༢ ཀྱི་བར་ན་ རྩུབ་སྤྱོད་མར་ཕབ་འབད་ནིའི་དོན་ལུ་ ལས་རིམ་མང་རབས་ཅིག་ འགོ་འདྲེན་འཐབ་ཡོདཔ་མ་ཚད་ བཙན་གཡེམ་རྐྱངམ་གཅིག་གུ་ཡང་མེན་པར་ ཕོ་མོའི་བར་ན་ ལུས་འབྲེལ་ལུ་བརྟེན་པའི་ རྩུབ་སྤྱོད་ག་དེ་དྲག་དྲག་ བཀག་ཐབས་འབད་ནིའི་དོན་ལུ་ དཔེ་ཆ་ལེ་ཤ་ཅིག་ར་ བརྩམས་ཡོདཔ་མ་ཚད་ ཚད་ལྡན་བྱ་སྒོའི་ལམ་ལུགས་དང་ འཛིན་སྐྱོང་ལམ་སྟོན་ཚུ་ ལག་ལེན་འཐབ་ནིའི་དོན་ལུ་ གྲ་སྒྲིག་འབད་དེ་ཡོད་ཟེར་ བློན་པོ་གིས་ཞུ་ཡི།
དེ་བཟུམ་སྦེ་ རྫོང་ཁག་༢༠ འི་ནང་ ཨམ་སྲུ་དང་ཨ་ལོ་ཚུ་ལུ་ ཆ་རོགས་དང་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ གྲ་སྒྲིག་འབད་ཡོདཔ་མ་ཚད་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་ལུ་ཡང་ སྦྱོང་བརྡར་བྱིན་ཡོད་པའི་ཁར་ རྫོང་ཁག་ཚུ་ནང་ ཁྲིམས་རྩོད་འགོ་དཔོན་ཚུ་ལུ་ འགན་ཁུར་སྤྲོད་ཞིནམ་ལས་ མི་སེར་ལུ་ ཞབས་ཏོག་ཞུ་ནིའི་དོན་ལུ་ ལཱ་ཚུ་འབད་བའི་བསྒང་ཡོདཔ་སྦེ་ བློན་པོ་གིས་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *