བཙན་ཁྲིད་འབད་མི་ཚུ་གིས་ འབྲུག་པའི་འགྲུལ་འཕྲིན་གྱི་ སིམ་ཀཌ་ཚུ་ ལག་ལེན་འཐབ་དོ་ཡོདཔ།

༉ དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་པ་ཚུ་གིས་ རྒྱ་གར་གྱི་མངའ་སྡེ་ ཨ་སམ་གྱི་ ཁྲིམས་སྲུང་འགག་པ་ཚུ་ལས་ རྒྱ་གར་གྱི་མི་ཁུངས་ཅིག་ བཙན་ཁྲིད་འབད་མིའི་དོན་ལུ་ ཏི་རུ་སྤྲོད་དགོ་པའི་ མཁོ་མངགས་འབད་ནིའི་དོན་ལུ་ འབྲུག་པའི་འགྲུལ་འཕྲིན་གྱི་ སིམ་ཀཌ་ལག་ལེན་འཐབ་དོ་ཡོད་པའི་སྐོར་ལས་ སྙན་ཞུ་ལྷོད་ཡོདཔ་ཨིན་པས།
བྱ་ངན་དེ་ནང་ བཙན་ཁྲིད་འབད་མི་དང་ ཉམས་རྒུདཔ་གཉིས་ཆ་ར་ རྒྱ་གར་གྱི་མི་ཁུངས་ཨིན་རུང་ ཏི་རུ་དགོ་པའི་སྐོར་ལས་ བཙན་ཁྲིད་འབད་མི་ཚུ་གིས་ གསར་སྤང་རྫོང་ཁག་གི་ རྒྱ་འབྲུག་ས་མཚམས་ནང་ལས་ འབྲུག་པའི་སིམ་ཀཌ་ལག་ལེན་འཐབ་ཐོག་ལས་ འབྲེལ་བ་འཐབ་དོ་ཡོདཔ་ཨིན་པས།
དགེ་ལེགས་ཕུག་ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སིམ་ཀཌ་དེ་ ཀྲོང་གསར་ལས་ཨིན་མི་ དགེ་སློང་ཅིག་གི་ཨིན་པའི་ ངོས་འཛིན་བྱུང་ཡོད་རུང་ དགེ་སློང་དེ་གིས་ སིམ་ཀཌ་དེ་ ལོ་གསུམ་གྱི་ཧེ་མ་ལས་ བྱང་སྟོར་ཤོར་ཡོདཔ་སྦེ་ སླབ་ནི་འདུག་ཟེར་ཨིན་པས།
ཨིན་རུང་ དགེ་སློང་དེ་གིས་ སིམ་ཀཌ་བྱང་སྟོར་ཤོར་ཡོད་པའི་སྐོར་ལས་ འབྲུག་བརྒྱུད་འཕྲིན་དང་ བཀྲིས་བརྒྱུད་འཕྲིན་གང་རུང་ལུ་ སྙན་ཞུ་མ་འབད་བས་ཟེར་ཨིནམ་ད་ འགོ་དཔོན་ཚུ་གིས་ འབྲུག་མི་ཚུ་ལུ་ སིམ་ཀཌ་དང་འབྲེལ་བའི་གོ་བརྡ་ཚུ་ སྤྲོད་དེ་ཡོད་རུང་ བདག་མེད་སྦེ་ བཞག་ནི་འདུག་ཟེར་ཨིན་པས།
བཀྲིས་བརྒྱུད་འཕྲིན་གྱི་ མི་སྟོབས་འགོ་དཔོན་ སངས་རྒྱས་བསྟན་འཛིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ སིམ་ཀཌ་ཚུ་ མི་ངོ་རང་སོའི་ངོ་རྟགས་ཀྱི་ཡིག་ཆ་ཚུ་ ལེན་པའི་ཤུལ་ལས་རྐྱངམ་གཅིག་ བྱིན་དོ་ཡོད་པའི་ཁར་ དམིགས་བསལ་གྱི་ གནས་སྟངས་ནང་མ་གཏོགས་ མི་རེ་ལུ་ སིམ་ཀཌ་རེ་ལས་བརྒལ་ བྱིན་ནི་མེད་ཟེར་ཨིན་པས།
བཀྲིས་ལས་སྡེ་གིས་ཡང་ སིམ་ཀཌ་དང་འབྲེལ་བའི་ གོ་བརྡ་ཚུ་ རྒྱང་མཐོང་ཊི་བི་ཐོག་ལས་ སྤྲོད་བཞིན་དུ་ཡོད་ཟེར་ཨིནམ་ད་ མི་ཚུ་ལུ་ བྱང་སྟོར་ཤོར་རུང་ སྙན་ཞུ་འབད་དགོཔ་སྦེ་ སླབ་དོ་ཟེར་ཨིན་རུང་ རེ་གཉིས་ཀྱིས་མ་གཏོགས་ འབད་མི་མིན་འདུག་ཟེར་ཨིནམ་ལས་ ཞབས་ཏོག་སྤྱོད་མི་ཚུ་གིས་འབད་ན་མ་གཏོགས་ ཁོང་གིས་ གཞན་འབད་ཐབས་མིན་འདུག་ཟེར་ཨིན་པས།
འདས་པའི་ལོ་ཚུ་ནང་ འབྲུག་མི་ཚུ་གིས་ སིམ་ཀཌ་ཚུ་ རྒྱ་གར་གྱི་ མི་ཁུངས་ཚུ་ལུ་ བཙོང་མི་ལུ་བརྟེན་ ཉེས་འཛུགས་ཚུ་འབད་དེ་ཡོད་པའི་ཁར་ བཙན་ཁྲིད་འབད་དེ་ ཏི་རུ་དགོ་པའི་སྐོར་ལས་ བརྒྱུད་འཕྲིན་གཏང་ནིའི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ལས་ ཁྲིམས་སྲུང་འགག་པ་གིས་ བཀག་འཛིན་འབད་ནིའི་དོན་ལུ་ ཐབས་ཤེས་བཏོན་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱ་གར་ཨ་སམ་ལུ་སྡོད་མི་དང་ རྒྱལ་ཁབ་ནང་ལཱ་འབད་མི་ མང་ཤོས་ཀྱིས་ སིམ་ཀཌ་ཚུ་ འཆང་སྤྱོད་འབད་ནི་འདུག་ཟེར་ཨིནམ་ད་ ལས་མི་འབད་འོང་མི་ཚུ་ལུ་ཡང་ སིམ་ཀཌ་ཡོད་རུང་ ཁོང་ཆ་ཁྱབ་ ལཱ་མཇུག་བསྡུ་སྟེ་ ལོག་འགྱོ་སྟེ་འབད་རུང་ འཆང་སྤྱོད་འབད་བཞིན་དུ་ཡོདཔ་ལས་ བྱ་ངན་དེ་བཟུམ་མའི་དོན་ལུ་ ལག་ལེན་འཐབ་ནི་འདུག་ཟེར་ཨིན་པས།
བཙན་ཁྲིད་འབད་མི་ཚུ་གིས་ ལག་ལེན་འཐབ་མི་ སིམ་ཀཌ་ལ་ལོ་ ཐོ་བཀོད་འབད་དེ་མེད་པའི་ཁར་ ཁ་གསལ་ཚུ་མིན་འདུག་ཟེར་ ཁྲིམས་སྲུང་འགག་པ་གིས་བཤད་པའི་ཁར་ དེ་བཟུམ་མའི་བྱ་ངན་ལུ་བརྟེན་ ས་མཚམས་ཁར་བྱ་ངན་འབྱུང་པའི་སྐབས་ གདོང་ལེན་སྦོམ་བྱུང་སྟེ་ཡོད་ཟེར་ བཀོད་ཡོདཔ་ཨིན་པས།
དེ་འབདཝ་ལས་ ཁྲིམས་སྲུང་འགག་པ་གིས་ བྱང་སྟོར་ཤོར་མི་ཚུ་ དེ་འཕྲོ་ལས་ བཀག་འཛིན་འབད་ནི་དང་ དུས་ཚོད་བྱིན་མིའི་ནང་འཁོད་ལུ་ ཐོ་བཀོད་འབད་མ་ཚུགས་པ་ཅིན་ དེ་ཚུ་ཡང་ ལག་ལེན་འཐབ་མ་བཏུབ་བཟོ་དགོཔ་སྦེ་ ཞབས་ཏོག་བྱིན་མི་ཚུ་ལུ་སླབ་སྟེ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ གྲོས་འདེབས་དང་འཁྲིལཝ་ད་ བཀྲིས་བརྒྱུད་འཕྲིན་དང་ འབྲུག་བརྒྱུད་འཕྲིན་ཚད་ཀྱིས་ རྒྱ་གར་གྱི་ མི་ཁུངས་ཚུ་ རྒྱལ་ཁབ་ནང་ ལས་མི་སྦེ་འོང་མི་ཚུ་གིས་ ལག་ལེན་འཐབ་མི་ སིམ་ཀཌ་ཚུ་ ཁོང་གི་ ལཱ་གི་གནས་ཡུན་ཚངམ་ཅིག་ ལག་ལེན་འཐབ་མ་བཏུབ་སྦེ་ བཟོ་དགོཔ་ཡོདཔ་ལས་ ལཱ་གི་གནས་ཡུན་ཚང་བའི་ཤུལ་ལས་ བྱ་ངན་ནང་ སིམ་ཀཌ་ལག་ལེན་མི་ཐོན་པ་ཅིན་ མི་ངོ་ཚུ་ལུ་ འགན་འཁྲི་འབག་བཅུག་དགོཔ་སྦེ་ ཡོདཔ་ཨིན་པས།
ཨིན་རུང་ གྲོས་འདེབས་དེ་ལུ་ ཐག་མ་བཅད་པར་ཡོདཔ་ད་ དགེ་ལེགས་ཕུག་ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ དེ་བཟུམ་གྱི་ ཐབས་ཤེས་ཚུ་ མ་བཏོན་པ་ཅིན་ ཁོ་གིས་འབད་ཐབས་ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
འབྲུག་བརྒྱུད་འཕྲིན་ཚད་ཀྱིས་འབད་བ་ཅིན་ ཁོང་གིས་ ལམ་ལུགས་དང་འཁྲིལ་ཏེ་ར་ བཀག་འཛིན་འབད་དོ་ཡོདཔ་ལས་ འཕྲོ་མཐུད་དེ་ར་ འབད་འོང་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

བཟའ་ཚང་ཅིག་ མི་ཚེ་སོར་སྒྱུར་ལུ་བརྟེན་ གནས་སྟངས་སྐྱོ་དྲགས་ནང་ཡོདཔ།

༉ འདས་པའི་ལོ་༢ མ་ལངམ་ཅིག་གི་ཧེ་མར་ འཇིགས་མེད་དེ་ མོང་སྒར་འབྲས་སྤུངས་རྒེད་འོག་ བཟུང་ལེན་གཡུས་ཚན་ནང་ བཟའ་ཚང་སྐྱོང་ནིའི་དོན་ལུ་ འགན་ཁུར་ཧྲིལ་བུམ་འབག་སྟེ་ བཟའ་ཚང་གི་མཐའ་དོན་ལུ་ བརྩོན་ཤུགས་བསྐྱེད་དེ་ ལཱ་འབད་མི་ཅིག་ཨིན་པས། སྐྱེས་ལོ་༣༨ ལང་མི་ཕོ་སྐྱེས་དེ་གིས་ ནང་མི་ཚུ་ལུ་ བཟའ་འཐུང་ཚུ་ …

Leave a Reply

Your email address will not be published. Required fields are marked *