བཙག་འཐུའི་བྱ་རིམ་ལུ་ ལེགས་ཆའི་ངོས་ལེན།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བཅུ་ཕྲག་ཅིག་གི་ཧེ་མར་ རྩ་ཁྲིམས་ཅན་གྱི་ དམངས་གཙོའི་གཞུང་ལུགས་ལུ་ སོར་བསྒྱུར་འབད་ཞིནམ་ལས་ཚུར་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་༣ པའི་ནང་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ འགན་ཁུར་ཐེབས་འབག་སྟེ་ བཅའ་མར་གཏོགས་མི་དེ་ མཐར་འཁྱོལ་ཅན་དང་ རྒྱལ་རབས་ནང་ཚུད་པའི་ བཙག་འཐུ་ཅིག་སྦེ་ མ་བཞགཔ་ཨིན་མས།
དེ་ཡང་ བཙག་འཐུའི་དོན་ལུ་ འདེམས་ངོ་༡༢༧ གྱིས་ དོ་འགྲན་འབད་མི་དེ་ གྱངས་ཁ་མཐོ་ཤོས་ཅིག་ཨིན་པའི་ཁར་ རྫོང་ཁག་༢༠ གི་དོན་ལུ་ མི་སེར་གྱི་འཐུས་ཚབ་༢༠ བཙག་འཐུ་འབད་ནིའི་ནང་ ཚོགས་རྒྱན་སྐྱུར་མི་༢༣༤,༥༣༥ གིས་ འབྲེལ་གཏོགས་འབད་ཡོདཔ་ད་ གྱངས་ཁ་ཚུ་ལུ་ བལྟ་བ་ཅིན་ འདེམས་ངོ་རེ་ལུ་ ཚོགས་རྒྱན་སྐྱུར་མི་༡༡,༧༢༦ གི་རྩིས་ ཨིན་མི་དེ་ སྤྱི་ལོ་༢༠༡༣ ལུ་ ཚོགས་རྒྱན་སྐྱུར་མི་༨,༥༧༨ དང་ཕྱདཔ་ད་ ཡར་འཕར་སོང་ནུག།
ད་རུང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་སྐྱུར་མི་ ཕོ་སྐྱེས་ཚུ་དང་ཕྱདཔ་ད་ ཨམ་སྲུ་མང་དོ་ཡོདཔ་ཨིན་རུང་ ད་རེས་ཀྱི་ བཙག་འཐུ་ནང་ གྲལ་གཏོགས་འབད་མི་ ཕོ་སྐྱེས་མངམ་ཐོན་མི་དེ་ སྔར་མ་བྱུང་བའི་ གནས་ཐོ་ཅིག་ཨིནམ་ད་ དེ་ཡང་ ཚོགས་རྒྱན་སྐྱུར་མི་ ཕོ་སྐྱེས་༡༡༨,༧༢༦ ཐོན་ཡོད་རུང་ ཨམ་སྲུ་༡༡༥,༨༠༩ མ་གཏོགས་ གྲལ་གཏོགས་མ་འབད་བས།
ཚོགས་རྒྱན་སྐྱུར་མི་ ཕོ་མོའི་བར་ན་ ཁྱད་པར་སྦོམ་ ཐོན་མི་དེ་ཡང་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ ཕོ་སྐྱེས་མང་ནི་དེ་གིས་ འོང་ནི་ཨིནམ་ད་ འགྲེམ་ཐོག་ཚོགས་རྒྱན་བསྐྱུར་ནིའི་དོན་ལུ་ མི་གྲངས་༢༨,༣༢༥ གིས་ ཐོ་བཀོད་འབད་ཡོད་མི་ལས་༧,༤༦༣ ཨམ་སྲུ་དང་༢༠,༨༦༢ ཕོ་སྐྱེས་ཨིན་མས།
དེ་ལས་ ཚོགས་རྒྱན་ས་ཁོངས་ཚུ་ནང་ འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་བཙུགས་པར་སོང་མི་ ཨམ་སྲུའི་གྱངས་ཁ་དེ་༨༩,༣༡༦ ཨིནམ་ལས་ ཚོགས་རྒྱན་སྐྱུར་མི་ ཕོ་སྐྱེས་ཚུ་ལས་ བརྒྱ་ཆ་༥.༣༡ མཐོ་དོ་ཡོདཔ་ཨིན་རུང་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་དང་ འགྲུལ་སྐྱོད་ཚོགས་རྒྱན་མཐུན་རྐྱེན་སྤྱོད་མི་ཡང་ ཨམ་སྲུ་ཚུ་དང་ཕྱདཔ་ད་ ཕོ་སྐྱེས་མངམ་འདུག།
དེ་བཟུམ་ ཚོགས་རྒྱན་བཙུགས་ཐངས་ནང་ བསྒྱུར་བཅོས་སོང་མི་དེ་ ངལ་རངས་དགོཔ་ཅིག་ཨིན་རུང་ ནན་ཞིབ་འབད་དགོཔ་ཅིག་ཡང་འདུག། ག་འཆརཔ་ཟེར་བ་ཅིན་ འགྲེམ་ཐོག་ཚོགས་རྒྱན་གྱི་ མཐུན་རྐྱེན་དེ་ གདམ་ཁ་ཅན་གྱི་ ལས་གཡོགཔ་སྡེ་ཚན་ཚུ་ལུ་ བྱིན་ཡོདཔ་ཨིན་རུང་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་འབད་མི་ཚུ་ལུ་ལྟཝ་ད་ གཙུག་སྡེ་ཚུ་དང་ཕྱདཔ་ད་ ཁྱིམ་ནང་སྡོད་མི་ ཨམ་སྲུ་མང་དོ་ཡོད་པའི་ གསལ་སྟོན་འབདཝ་མས།
རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་བྱ་རིམ་དེ་ མཇུག་བསྡུ་ཡོད་རུང་ གལ་གནད་ཅན་གྱི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་རན་དོ་ཡོདཔ་མ་ཚད་ ད་རེས་ནངས་པར་ ཕོ་མོ་འདྲ་མཉམ་གྱི་ ཚ་གྱང་དང་ གནད་དོན་ཚུ་ཐོན་པའི་ ནམ་དུས་ལུ་ འགྲེམ་ཐོག་ཚོགས་རྒྱན་གྱི་ མཐུན་རྐྱེན་དེ་ བརྟེན་སྡོད་མི་ ཨམ་སྲུ་ཚུ་ལུ་ཡང་ གོ་སྐབས་བྱིན་ནི་གི་ ཐབས་ལམ་བཏོན་དགོཔ་འདུག།
འདས་པའི་བཙག་འཐུ་བཟུམ་མེན་པར་ ད་རིས་ ཨམ་སྲུ་འདེམས་ངོ་༢ བསྐྱར་ཞིབ་ཚོགས་ཁང་གི་ འཐུས་མི་སྦེ་ བཙག་འཐུ་གྲུབ་མི་དེ་གིས་ ངོ་ཚབ་བཙག་འཐུ་འབད་ནིའི་ནང་ལྷོདཔ་ད་ གོ་གནས་ཐོག་ཡོད་མི་ལུ་ བལྟ་ནི་མེདཔ་དང་ ཕོ་མོའི་བར་ན་ དབྱེ་ཕྱེ་ནི་མེད་པའི་ བརྡ་མཚོན་སྟོནམ་ཨིན་མས། དེ་ཡང་ སྤྱི་ལོ་༢༠༡༣ ལུ་ རྒྱལ་ཁབ་ཀྱིས་ ཚོགས་སྡེའི་འཐུས་མི་བགྲེསཔ་༡༤ ལས་༦ རྐྱངམ་གཅིག་ བཙག་འཐུ་གྲུབ་ཡོདཔ་ད་ ད་རིས་ཀྱི་ བཙག་འཐུ་ནང་ འགོ་ཐོག་སྐབས་ གོ་གནས་ཐོག་ཡོད་མི་ འཐུས་མི་༡༤ ཐོན་ཡོད་རུང་ གདམ་ངོའི་འཛོམས་འདུ་ནང་༢ གདམ་འཐུ་གྲུབ་མ་ཚུགས་པའི་ཁར་ མཐའ་བཅད་ཀྱི་ བཙག་འཐུ་ནང་ ཁོང་༡༢ ལས་༥ མ་གཏོགས་ བཙག་འཐུ་གྲུབ་མ་ཚུགས།
འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཚོགས་སྡེའི་བཙག་འཐུ་༣ པའི་ནང་ ཚོགས་རྒྱན་སྐྱུར་མིའི་ གྱངས་ཁ་ཡར་སེང་སོང་མི་དེ་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་དང་ འགྲུལ་སྐྱོད་ལྷན་ཐབས་མཐུན་རྐྱེན་ཚུ་ རྒྱལ་ཁབ་ནང་འཁོད་ལུ་ གཞི་བཙུགས་འབད་མི་ལུ་བརྟེན་ཨིནམ་སྦེ་ བཤད་ཡོདཔ་ད་ ཚོགས་རྒྱན་དེ་ རང་མོས་དང་ རྣག་དག་ཐོག་ལས་ འགོ་འདྲེན་འཐབ་ཚུགས་ནིའི་དོན་ལུ་ ལྷན་ཚོགས་དང་ ཚོགས་རྒྱན་འགོ་དཔོན་༦,༠༠༠ ལྷགཔ་ཅིག་གིས་ ཉིན་ནུབ་མེད་པར་ ལཱ་རྩ་འགེངས་ཏེ་འབད་བའི་ གྲུབ་འབྲས་ཅིག་ཨིནམ་ལས་ བསྟོད་བསྔགས་བརྗོད་དགོཔ་འདུག།
མི་སེར་ཚུ་གིས་ཡང་ རང་སོའི་འགན་ཁུར་ བཏགས་སར་བསྐྱལ་ཡོདཔ་བཞིན་དུ་ ད་ལས་ཕར་ བཙག་འཐུ་གྲུབ་མི་ཚུ་གིས་ ཁོང་རའི་འགན་ཁུར་ ཚུལ་བཞིན་དུ་ འབག་ནི་གི་ དུས་ཚོད་ལུ་ ལྷོད་ཡོདཔ་ཨིན།

About admin

Check Also

འབྲུག་གི་སྐྱེ་ལྡན་རིགས་སྣའི་དཔྱད་ཡིག་༢༠༢༡ རེས་གཟའ་མིག་དམར་ལུ་ ཆ་འཇོག་འབད་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་གི་སྐྱེ་ལྡན་རིགས་སྣའི་དཔྱད་ཡིག་༢༠༢༡ ཅན་མའི་ ལྷག་ཐེངས་༣ པ་ མཇུག་བསྡུ་ཡོདཔ་ལས་ སྤྱི་ཟླ་༡༢ པའི་ཚེས་༦ ལུ་ ཆ་འཇོག་འབད་ནི་ཨིན་པས།དཔྱད་ཡིག་དེ་ ཁ་ཙ་ཚུན་ ཉིནམ་༢ ཀྱི་རིང་ …

Leave a Reply

Your email address will not be published. Required fields are marked *