བཙག་འཐུ་འགོ་དཔོན་ཚུ་གིས་ འཕྱོག་བཟུང་འབད་མི་ འགྲུལ་འཕྲིན་ལོག་སྤྲོད་ཡོདཔ།

༉ རྩི་རང་གི་ འབྲུག་ཕུན་སུམ་ཚོགས་པའི་ འཐུས་མི་ཅིག་ཨིན་མི་ ཀ་ལེ་འབྲུག་པ་གི་ འགྲུལ་འཕྲིན་དེ་ བཙག་འཐུ་འགོ་དཔོན་ཚུ་གིས་ འཕྱོག་བཟུང་འབད་དེ་ ཟླཝ་མ་ལངམ་ཅིག་ལས་ ཁོ་ར་ལུ་ ལོག་སྤྲོད་ཡོདཔ་ཨིན་པས།
བདུན་ཕྲག་༡ གི་ཧེ་མར་ སྐྱེས་ལོ་༥༡ ལང་མི་ ཀ་ལེ་འབྲུག་པ་དེ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཡིག་ཚང་ནང་ སྙན་ཞུ་འབད་དགོཔ་སྦེ་ སླབ་པའི་ཤུལ་ལུ་ ཁོ་ར་ ཡིག་ཚང་ནང་འགྱོཝ་ད་ ཞལ་འཛོམས་ཁང་ཅིག་ནང་ འགོ་དཔོན་༦ གིས་ ཁོ་ལུ་ ཝི་ཅེཌ་སྡེ་ཚན་ ཌི་པི་ཊི་བཟའ་ཚང་ དང་པ་ཟེར་བཟོ་མིའི་ནང་ ཚོགས་རྒྱན་འཕྲུལ་ཆས་དང་ འགྲེམ་ཐོག་ཚོགས་རྒྱན་དེ་ ག་དེམ་ཅིག་བརྟན་ཏོག་ཏོ་ཡོདཔ་ཨིན་ནའི་སྐོར་ལས་ ཁོ་ར་དང་ དེ་ནང་གི་འཐུས་མི་ཚུ་ ལོ་རྒྱུས་སླབ་པའི་སྐོར་ལས་ དྲི་དཔྱད་འབད་ཡོདཔ་སྦེ་ཨིན་པས།
ཁོང་གི་གྲོས་བསྡུར་དེ་ སྤྱི་ལོ་༢༠༡༧ ཟླཝ་༡༢ པའི་ནང་ འབད་ཡོདཔ་ཨིན་རུང་ ཀ་ལེ་འབྲུག་པ་དང་ འབྲུག་ཕུན་སུམ་ཚོགས་པའི་ འགོ་འདྲེན་པ་བགྲེསཔ་༢ དུས་ཅི་སྤྱི་ཟླ་༤ པའི་ཚེས་༩ དང་༡༠ ལུ་ འབོ་ཞིནམ་ལས་ དྲི་དཔྱད་འབད་ཡོདཔ་སྦེ་ཨིན་པས།
ཀ་ལེ་འབྲུག་པ་གིས་འབད་བ་ཅིན་ ཐིམ་ཕུག་ལུ་སྦེ་ ཁོང་ལུ་ དུས་ཡུན་ཆུ་ཚོད་༣ གྱི་རིང་ དྲི་དཔྱད་འབད་ཡོདཔ་ད་ དེ་བསྒང་འགོ་དཔོན་ཚུ་གིས་ དྲི་བ་ཁག་༦ བཀོདཔ་མས་ཟེར་ཨིན་པས།
དེ་ནང་ལས་༡ ཚོགས་རྒྱན་འཕྲུལ་ཆས་དང་ འགྲེམ་ཐོག་ཚོགས་རྒྱན་༢ བརྟན་ཏོག་ཏོ་ཡོད་མེད་ཀྱི་སྐོར་ལས་ ག་ཅི་སྦེ་ གྲོས་བསྡུར་འབད་དགོཔ་ཨིན་ན་དང་ གཉིས་པ་ཟེརཝ་ད་ ཁོ་དང་ཁོ་རའི་མཉམ་རོགས་ཚུ་ ཚོགས་རྒྱན་འཕྲུལ་ཆས་དང་ འགྲེམ་ཐོག་ཚོགས་རྒྱན་ལུ་ ག་ཅི་སྦེ་ བསམ་པ་མ་རྫོགསཔ་ཨིན་ན་ དེ་ལས་ ཝི་ཅེཌ་སྡེ་ཚན་ནང་ གྲོས་བསྡུར་འབད་མི་ཚུ་ ག་ཏེ་ཡོདཔ་ཨིན་ནའི་སྐོར་ལས་ དྲི་དཔྱད་འབདཝ་མས་ཟེར་ཨིན་པས།
དེ་མ་ཚད་ སྤྱི་ལོ་༢༠༡༣ གྱི་ བཙག་འཐུའི་གྲུབ་འབྲས་ཡང་ བཙག་འཐུ་འགོ་དཔོན་དང་ སྲུང་རྒྱབ་ཚུ་གི་དབང་དུ་ཐལ་ཡོད་པའི་སྐོར་ལས་ གྲོས་བསྡུར་འབད་མིའི་ནང་ ཁོ་གིས་ ག་ཅི་སྦེ་ རྒྱབ་སྐྱོར་འབད་དགོཔ་ཨིན་ནའི་ དྲི་བ་ཚུ་ཡང་ བཀོད་ཡོདཔ་སྦེ་ཨིན་པས།
ཀ་ལེ་འབྲུག་པ་གིས་ སླབ་མིའི་ནང་ ཁོ་གིས་ ཚོགས་རྒྱན་འཕྲུལ་ཆས་དང་ འགྲེམ་ཐོག་ཚོགས་རྒྱན་༢ དཀྲོགས་ཡོད་པའི་སྐོར་ལས་ མ་སླབ་པར་ རྒྱལ་ཁབ་ནང་ ཚོགས་རྒྱན་བཙུགས་ནིའི་ ལམ་ལུགས་བསྒྱུར་བཅོས་འབད་བ་ཅིན་ཟེར་ ཁོང་རའི་ ཆ་རོགས་ཚུ་དང་གཅིག་ཁར་ ཝི་ཅེཌ་ཐོག་ལས་ ལོ་རྒྱུས་སླབ་མ་གཏོགས་ མི་ག་ལུ་ཡང་ ཁ་ཉེས་བཀལ་བཀལཝ་མེད་ཟེར་ཨིན་པས།
ཨིན་རུང་ ཁོང་གིས་ སྡེ་ཚན་ནང་ གྲོས་བསྡུར་འབད་མི་དེ་གིས་ བཙག་འཐུ་ལྷན་ཚོགས་ལུ་གནོད་པའི་ མནོ་བསམ་མེད་རུང་ གལ་སྲིད་ གནོད་པ་ཡོད་པ་ཅིན་ བཟོད་གསོལ་ཡོད་པའི་ ཞུ་བ་འབད་ཡི་ཟེར་ཨིན་པས།
ཁོ་ར་ མི་སེར་སོ་ནམ་པ་ ཉམ་ཆུང་ཅིག་འབད་ནི་དེ་གིས་ འདི་བཟུམ་མའི་ གནད་དོན་ཆུང་ཀུ་དེ་ ཉེན་ཁ་ཅན་ལུ་ འགྱོ་འོང་ཟེར་བའི་ མནོ་བསམ་མ་གཏང་ཟེར་ཨིན་པས།
སེམས་ལྗོངས་ལས་ཨིན་མི་ འབྲུག་ཕུན་སུམ་ཚོགས་པའི་ འཐུས་མི་ཅིག་ལུ་ དུས་ཡུན་ཆུ་ཚོད་༣ གྱི་རིང་ དྲི་དཔྱད་འབད་བའི་ཤུལ་ལུ་ ངག་བརྗོད་ལེན་ཏེ་ མིང་རྟགས་རྐྱབ་བཅུག་ནུག།
ལྷན་ཚོགས་ཀྱིས་ འཕྲལ་མགྱོགས་ར་ གྲོས་ཐག་གཅད་ཞིནམ་ལས་ ཁོང་ལུ་ ལན་གསལ་སླབ་འོང་ཟེར་སླབ་སྟེ་ བདུན་ཕྲག་༢ ལང་སོ་རུང་ ལན་གསལ་ག་ཅི་ཡང་ ལྷོད་ནི་མིན་འདུག་ཟེར་ ཁོ་གིས་ སླབ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *