བཙག་འཐུ་དང་འབྲེལ་བའི་ འཁྲུན་ཆོད་བཏོན་མི་ལུ་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ མཐོ་གཏུགས།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཕོ་སྐྱེས་ཅིག་གིས་ བཙག་འཐུ་དང་འབྲེལ་བའི་ མ་བདེན་པའི་གཏམ་ དར་ཁྱབ་བཏང་མི་ལུ་ ཉེས་འཛུགས་འབད་མི་དེ་ རྩི་རང་རྫོང་ཁག་ཁྲིམས་འདུན་གྱིས་ སྐུར་འདེབས་ཀྱི་ཉེས་འཛུགས་ལུ་ ཕབ་ཡོད་མི་དེ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྩ་ཁྲིམས་ཆེན་མོ་གིས་ མི་ཅིག་ལུ་ སླབ་ནི་དང་བསམ་འཆར་བཀོད་ནིའི་ དབང་ཆ་ཡོདཔ་ཨིན་རུང་ དེ་དང་གཅིག་ཁར་ འགན་ཁུར་ཡང་འབག་དགོཔ་ཡོདཔ་ལས་ སྐབས་སུ་འབབ་པའི་ རྩོད་བཤེར་ནང་ ཉེས་འཛུགས་ཕོགས་མི་ ཀ་ལེ་གིས་འབད་མི་དེ་ མ་བདེན་པའི་གཏམ་དར་ཁྱབ་འབད་ཐོག་ལས་ རྒྱལ་ཁབ་ནང་ དབྱེ་ཁག་ཕྱེ་ནིའི་ གཞི་ཨིནམ་སྦེ་ བཀོད་ནུག།
ཁོ་གིས་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་པ་༤༠༠ ལྷགཔ་ཅིག་ཡོད་མི་ ཝི་ཅེཌ་ནང་ ཚོགས་རྒྱན་གྱི་འཕྲུལ་ཆས་དང་འགྲེམ་ཐོག་ཚོགས་རྒྱན་ལུ་ ཡིད་ཆས་མེད་པའི་སྐོར་ལས་ དར་ཁྱབ་བཏང་མི་དེ་གིས་ སྲིད་དང་འབྲེལ་བའི་ བྱེལཝ་བཟོ་བའི་ཁར་ ཁོ་རའི་རྒྱལ་ཁབ་ཀྱི་མཐའ་དོན་ལུ་ མ་རང་པའི་གཏམ་སླབ་མི་དེ་ སྲི་དཀྲུག་གི་གཞི་ཨིནམ་སྦེ་ བཀོད་ནུག།
བཙག་འཐུའི་ལམ་ལུགས་དང་འབྲེལ་བའི་ རྩོད་བཤེར་དང་པ་ཨིནམ་ལས་ ཁྲིམས་འདུན་གྱིས་གནང་མི་ འཁྲུན་ཆོད་དེ་ མ་འོངས་པའི་ནང་ཡང་ དཔེ་བཞག་དགོཔ་ལས་ གལ་ཆེ་ནི་ཨིནམ་ལས་ གཞུང་ལུ་ ཚ་གྱང་སྦོམ་ཤོས་ར་ མ་འོངས་པའི་ནང་ དེ་བཟུམ་འབད་མི་ལས་ བཀག་ཆ་འབད་ཐབས་འབད་ནི་དེ་ཨིན་ཟེར་ མཐོ་གཏུགས་ནང་ བཀོད་ནུག།
མ་བདེན་པའི་གཏམ་ དར་ཁྱབ་བཏང་ཞིནམ་ལས་ མི་ཚུ་ ཡིད་ཆས་བསྐྱེད་བཅུག་མི་དེ་ རང་ལུ་རང་དབང་ཡོད་རུང་ སླབ་ནིའི་དབང་ཆ་མེད་ཟེར་ཨིནམ་ད་ དལ་དབང་མཇུག་བསྡཝ་ད་ རང་ལུ་འགན་ཁུར་དེ་ དེ་ལས་འགོ་བཙུགསཔ་ཨིནམ་ ཤེས་དགོ་ཟེར་ཨིན་པས།
རྫོང་ཁག་ཁྲིམས་འདུན་གྱིས་ ཀ་ལེ་གིས་སླབ་མི་གཏམ་ཚུ་ སྤྱི་ལོ་༢༠༡༨ ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་སྐོར་ལས་མེན་པར་ སྤྱི་ལོ་༢༠༡༣ གྱི་བཙག་འཐུ་དང་ སྤྱི་ལོ་༢༠༡༦ གི་ ས་གནས་གཞུང་གི་ བཙག་འཐུའི་སྐོར་ལས་ སླབ་ནུག་ཟེར་ བཀོདཔ་ཨིན་རུང་ བཙག་འཐུ་ལྷན་ཚོགས་ཀྱིས་ ཚོགས་རྒྱན་འཕྲུལ་ཆས་ལག་ལེན་འཐབ་མི་དང་ འགྲེམ་ཐོག་ཚོགས་རྒྱན་གྱི་ལམ་ལུགས་དེ་ འཕྲོ་མཐུད་དེ་ མ་འོངས་པའི་ནང་ཡང་ འབད་དགོཔ་ལས་ ཀ་ལེ་གིས་སླབ་མི་ མ་བདེན་པའི་གཏམ་ སླབ་པའི་སྐབས་ཀྱི་ དུས་ཚོད་མེན་པར་ ཁོ་གིས་སླབ་མི་གཏམ་དེ་ རྒྱལ་ཁམས་ཀྱི་དོན་ལུ་ ཚ་གྱང་སྦོམ་ཤོས་ཨིན་ཟེར་བཀོད་ནུག།
ཀ་ལེ་གིས་འབད་མི་ལཱ་དེ་གིས་ བཙག་འཐུ་ལྷན་ཚོགས་ཀྱིས་ འགན་ཁུར་འབག་མི་དེ་ མིང་གཏམ་ཞན་བཅུག་ཡོདཔ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཀ་ལེ་གིས་ བྱ་ངན་དེ་ལུ་ འབྲེལ་བ་ཡོད་པའི་ཁྲིམས་དང་འཁྲིལ་ ཉེས་ཁྲིམས་བཀལ་དགོཔ་སྦེ་ ཨིན་པས།
ཁྲིམས་འདུན་གྱིས་ ཨར་རྐུན་འབད་མི་ཨིན་རུང་ བཙོན་ཁྲིམས་ལོ་༥ དེ་རེ་ བཀལ་དོ་ཡོདཔ་ལས་ ཀ་ལེ་གིས་འབད་མི་དེ་བྱ་ངན་དེ་ རྒྱལ་ཁབ་ནང་ དམངས་གཙོ་ལས་གྲུབ་པའི་གཞུང་སྐྱོང་ ཉེན་སྲུང་འབད་ཐབས་ལུ་ཨིནམ་ལས་ མཐོ་གཏུགས་ཀྱི་གྲུབ་འབྲས་ ལེགས་ཤོམ་འཐོན་པའི་ རེ་བ་ཡོད་ཟེར་ བཀོད་འདུག་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *