བཙག་འཐུ་དང་འབྲེལ་བའི་རྩོད་བཤེར་ མཐོ་གཏུགས་འབད་ནིའི་ འཆར་གཞི་ཡོདཔ།

༉ རྩི་རང་རྫོང་ཁག་ཁྲིམས་འདུན་གྱིས་ སྐྱེས་ལོ་༥༢ ལང་མི་ ཀ་ལེ་འབྲུག་པ་ལུ་ མ་བདེན་པའི་གཏམ་དར་ཁྱབ་འབད་བའི་ ཉེས་འཛུགས་འབད་མི་དེ་ སྐུར་འདེབས་ཀྱི་ ཉེས་འཛུགས་ལུ་ཕབ་སྟེ་ བཙོན་ཁྲིམས་ཟླཝ་༡༠ བཀལ་ཡོད་མི་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མཐོ་གཏུགས་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ཁྲིམས་རྩོདཔ་གིས་བཤད་མིའི་ནང་ སྤྱི་ཟླ་༧ པའི་ཟླཝ་མཇུག་ལུ་གནང་མི་ འཁྲུན་ཆོད་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མཐོ་གཏུགས་འབད་ནིའི་དོན་ལུ་ གྲ་སྒྲིག་ཚུ་འབད་དོ་ཟེར་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཕོ་སྐྱེས་དེ་ལུ་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་ དོན་ཚན་༥༦༠ པའི་ག་པ་ལྟར་ ཁོ་གིས་ བཙག་འཐུ་དང་འབྲེལ་བའི་ མ་བདེན་པའི་གཏམ་ དར་ཁྱབ་འབད་བའི་ ཉེས་འཛུགས་འབད་དེ་ དབྱེ་རིམ་༤ པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
ཀ་ལེ་འབྲུག་པ་དེ་ ན་ཧིང་ སྤྱི་ཟླ་༤ པའི་ནང་ བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ ཁོ་གིས་ བཙག་འཐུའི་སྐབས་ ལག་ལེན་འཐབ་མི་འཕྲུལ་ཆས་དང་ འགྲེམས་ཐོག་ཚོགས་རྒྱན་གྱི་ལམ་ལུགས་སྐོར་ལས་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་པ་༤༩༦ དེ་ཅིག་ཡོད་པའི་ མི་སྡེ་བརྡ་བརྒྱུད་ ཝི་ཅེཌ་ནང་ སླབ་ཡོད་མི་ལུ་ དྲི་དཔྱད་འབད་ཡོདཔ་ཨིན་པས།
དབྱེ་ཞིབ་འབད་མི་ལྟར་ བཙག་འཐུ་ལྷན་ཚོགས་ཀྱིས་ གནད་དོན་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་བའི་ཤུལ་ལས་ ཁྲིམས་འདུན་ལུ་ ལྷོད་ཡོདཔ་ཨིན་པས།
རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་དང་འཁྲིལཝ་ད་ ཕོ་སྐྱེས་དེ་གིས་ དེ་བཟུམ་མའི་ བྱ་བ་འཐབ་མི་ལུ་བརྟེན་ བཙོན་ཁྲིམས་ཟླ་ངོ་༡༠ བཀལ་ཡོད་མི་དེ་ཡང་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༧༠ པ་དང་༧༡ པའི་དགོངས་དོན་ལྟར་ བཀལ་ཡོདཔ་ཨིན་པས།
ཁོ་གིས་ ཝི་ཅེཌ་སྡེ་ཚན་ནང་ སླབ་མི་དེ་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་ཅན་གྱིས་ སྡེ་ཚན་དེ་ནང་ མི་གྲངས་༤༩༦ དེ་ཅིག་ཡོད་མིའི་ནང་ ཚོགས་རྒྱན་བཙུགས་ནི་ལས་ སྤྲོ་བ་ཞན་བཅུག་ནི་དང་ ཚོགས་རྒྱན་བཙུགས་ནིའི་ དབང་ཆ་ཡོད་མི་ཚུ་གི་ དབང་ཆ་ལུ་ བར་དཀྲོགས་འབད་ནི་ དེ་ལས་ མི་སེར་ཚུ་གིས་ བཙག་འཐུ་ལུ་ བློ་གཏད་ཡིད་ཆེས་མེདཔ་བཟོ་སྟེ་ རང་མོས་རྣམ་དག་གི་གཞི་རྩ་དེ་ལུ་ ཉམས་བཅུག་ནིའི་ཉེན་ཁ་ཡོདཔ་ལས་ ཁོ་གིས་འབད་མི་བྱ་ངན་དེ་ལུ་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་ དོན་ཚན་༥༦༠ ག་པ་དང་ བཅའ་ཁྲིམས་དེའི་དོན་ཚན་༥༦༡ དང་འཁྲིལ་ དབྱེ་རིམ་༤ པའི་ཉེས་ཁྲིམས་སྨིན་དགོ་པའི་ ཉེས་འཛུགས་འབད་ནུག།
ཨིན་རུང་ ཁྲིམས་འདུན་གྱིས་གནང་མི་ འཁྲུན་ཆོད་དང་འཁྲིལཝ་ད་ ཁོ་གིས་འབད་མི་ལཱ་དེ་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ དང་པ་ ཉེས་འཛུགས་ཅན་གྱིས་སླབ་མི་ བློ་དེ་ལུ་བརྟེན་ ངག་བརྗོད་རྫུས་མ་བཀོད་པའི་ ཉེས་སྐྱོན་ནང་ཚུད་ནི་དང་ ཁོ་གིས་ བློ་དེ་སླབ་པའི་སྐབས་ རྫུས་མ་ཨིན་པའི་ ཡིད་ཆེས་བསྐྱེད་བཅུག་དགོ་པའི་ཁར་ བདེན་པ་མེད་པར་ ཡིད་ཆེས་མེད་པར་ སླབ་ཡོད་པའི་ར་ཁུངས་ཚུ་ ཚང་དགོཔ་ཨིན་རུང་ དེ་ཚུ་ ར་ཁུངས་ག་ནི་ཡང་ བཀལ་ནི་མིན་འདུག་ཟེར་ཨིན་པས།
དེ་མ་ཚད་ ཝི་ཅེཌ་ནང་ འབྲུག་ཕུན་སུམ་ཚོགས་པའི་ སྡེ་ཚན་ཡོད་མིའི་ནང་ བཙག་འཐུའི་དུས་ཡུན་སྐབས་ སླབ་ཡོདཔ་ཨིན་ན་མེན་པར་ སྒྲུབ་བྱེད་མེད་པའི་ཁར་ ལོ་རྒྱུས་དེ་ཡང་ དུས་ཚོད་དེ་གི་སྐབས་ བཙག་འཐུ་འགོ་འདྲེན་འཐབ་ནི་འབད་མི་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུའི་སྐོར་ལས་མེན་པར་ ཧེ་མ་ བཙག་འཐུ་འགོ་འདྲེན་འཐབ་པའི་སྐབས་ཀྱི་སྐོར་ལས་ སླབ་ནུག་ཟེར་བཀོད་ནུག།
ཉེས་འཛུགས་ཅན་གྱིས་ བཙག་འཐུའི་ཚོགས་རྒྱན་འཕྲུལ་ཆས་དང་ འགྲེམ་ཐོག་ཚོགས་རྒྱན་ལུ་ ཡིད་ཆེས་མེད་པའི་སྐོར་ལས་ སླབ་མི་དེ་ ཁོ་ར་ འབྲུག་མི་ཅིག་འབད་ནི་དེ་གིས་ འབྲུག་གི་རྩ་ཁྲིམས་ཆེན་མོའི་རྩ་ཚན་༧ པའི་དོན་ཚན་༦ པའི་དགོངས་དོན་ལྟར་ ཚོགས་རྒྱན་བཙུགས་ནིའི་ དབང་ཆ་ཡོད་པའི་ཁར་ ཚོགས་རྒྱན་བཙུགས་མིའི་གྲངས་རྩིས་ཤེས་ནི་དང་ ཡིད་ཆེས་ཡོད་མེད་ དེ་ལས་ བཙག་འཐུའི་ཚོགས་རྒྱན་དང་ འགྲེམ་ཐོག་འཕྲུལ་ཆས་ཚུ་ལུ་ བློ་བདེ་ཧིང་ཡོད་མེད་ཀྱི་སྐོར་ལས་ སླབ་ནིའི་ཁྲིམས་མཐུན་དབང་ཆ་ཡོད་ཟེར་ ཨིན་པས།
དེ་འབདཝ་ལས་ ཁོ་གིས་ དེ་བཟུམ་སླབ་མི་ལུ་བརྟེན་ བཙག་འཐུ་དང་འབྲེལ་བའི་ གནོད་འགེལ་ཨིན་པའི་གྲངས་སུ་ བརྩི་འཇོག་འབད་ཐབས་མིན་འདུག་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
ཁོ་ལུ་ ངག་བརྗོད་རྫུས་མ་བཀོད་ཡོད་པའི་ ཉེས་འཛུགས་འབད་ཡོད་མི་དེ་ འབྲུག་གི་ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ ཁྲིམས་དེབ་༢༠༠༡ ཅན་མའི་ དོན་ཚན་༩༦.༢ ཅན་མ་དང་འཁྲིལ་ སྒྲུབ་བྱེད་བཏོན་ནི་མེདཔ་ལས་ ཉེས་ཁྲིམས་བཀལ་ཐབས་མིན་འདུག་ཟེར་ བཀོད་ནུག།
ཁོ་གིས་ སྤྱི་ལོ་༢༠༡༣ ལོ་ནང་ བཙག་འཐུ་འབད་བའི་སྐབས་ འབྲུག་ཕུན་སུམ་ཚོགས་པ་ལུ་བཙུགས་མི་ ཚོགས་རྒྱན་དང་འགྲེམ་ཐོག་ཚོགས་རྒྱན་ཚུ་ ལ་ལོ་ཅིག་ སྤེད་བཏང་བའི་ཁར་ ལ་ལོ་ཅིག་ ཆུ་ནང་བཀོག་བཏང་སྟེ་ འབྲུག་ཕུན་སུམ་ཚོགས་པའི་ ཚོགས་རྒྱན་ཚུ་ཡང་ མི་སེར་དམངས་གཙོ་ཚོགས་པའི་ནང་ བཙུགས་ནུག་ཟེར་ སླབ་མི་དེ་གིས་ བཙག་འཐུ་ལྷན་ཚོགས་ཀྱིས་ བཙག་འཐུའི་བྱ་སྒོ་ལུ་ལཱ་ཚུ་ལེགས་ཤོམ་མ་འབད་བར་ སྲིད་དོན་ཚོགས་པ་ཅིག་ལུ་ རྒྱབ་སྐྱོར་འབད་དོ་བཟུམ་ ཚོར་ནི་ཨིནམ་ལས་ ཁོ་གིས་འབད་མི་ལཱ་དེ་ སྐུར་འདེབས་ཀྱི་ གནོད་འགེལ་འཐབ་ཡོད་པའི་གྲངས་སུ་ བརྩིས་ཡོདཔ་ཨིན་པས།
ཁོ་གིས་ ཝི་ཅེཌ་ནང་སླབ་མི་དེ་ སྤྱི་ལོ་༢༠༡༨ སྤྱི་ཟླ་དང་པའི་ཚེས་༢༤ གི་ཤུལ་ལས་ སླབ་ཡོད་རུང་ བཙག་འཐུ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་དེ་ སྤྱི་ཟླ་༢ པའི་ཚེས་༣ ལུ་རྐྱངམ་གཅིག་ གསལ་བསྒྲགས་འབད་ཡོདཔ་ལས་ ལོ་རྒྱུས་དེ་ བཙག་འཐུའི་དུས་ཡུན་སྐབས་ལུ་ སླབ་པའི་ར་ཁུངས་མིན་འདུག་ཟེར་ བཀོད་ནུག།
གནད་དོན་དེ་ གསང་བའི་ཐོག་ལས་ སྤྱི་ཟླ་༤ པའི་ཚེས་༣ ལུ་ བཙག་འཐུ་ལྷན་ཚོགས་ལུ་ བཙག་འཐུའི་དུས་ཡུན་སྐབས་ བཙུགས་ཡོདཔ་ལས་ ཉོགས་བཤད་བཀོད་མི་དེ་ འབྲུག་གི་ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ ཁྲིམས་དེབ་༢༠༠༡ ཅན་མའི་ དོན་ཚན་༣༢.༡ པའི་ག་པ་དང་འཁྲིལ་ ཕྱིར་འབུད་གནང་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *