བཙག་འཐུ་གྲུབ་པའི་ཤུལ་ལས་ ཁས་བླངས་འབད་མི་ཚུ་ ཁས་བླངས་སྦེ་ར་ལུས་ཡོདཔ།

༉ སྤྱི་ཟླ་༤ པའི་ཚེས་༡༣ གྱི་ཕྱི་རུ་ དགེ་ལེགས་ཕུག་ཁྲོམ་དཔོན་གྱི་དོན་ལུ་ དོ་འགྲན་འབད་མི་ ཁྲོམ་དཔོན་བགྲེསཔ་གིས་ འདས་པའི་ལོ་༥ ནང་ ཁས་བླངས་གསལ་བསྒྲགས་འབད་མི་ཚུ་ལུ་ གཙོ་རིམ་བཟུང་སྟེ་ མི་མང་གི་ རྩོད་བསྡུར་འབད་ཡི།

ཁྲོམ་དཔོན་གྱི་དོན་ལུ་ དོ་འགྲན་འབད་མི་ ཁྲོམ་དཔོན་བགྲེསཔ་ཊི་ཀ་རམ་ ཀཱཕ་ལེ་དང་ འདེམས་ངོ་ཚེ་རིང་ནོར་བུ་༢ ཀྱི་བར་ན་ མི་མང་རྩོད་བསྡུར་འབད་མི་དེ་ ཐེངས་༢ པ་ཨིན་པས།

འདེམས་ངོ་ཚེ་རིང་ནོར་བུ་གིས་ སླབ་མིའི་ནང་ ཊི་ཀ་རམ་ ཀཱཕ་ལེ་གིས་ འདས་པའི་ལོ་༥ ནང་ ཁས་བླངས་གསལ་བསྒྲགས་འབད་མི་ཚུ་ དམིགས་བསལ་གྱི་དཔལ་འབྱོར་ས་གནས་སྦེ་ བཟོ་ནི་དང་ དེང་སང་དང་བསྟུན་པའི་ མཛེས་ལྡན་ཁྲོམ་ཚོགས་བཟོ་སྐྲུན་འབད་ནི་ཨིན་ཟེར་ སླབ་མི་ཚུ་ འགོ་མ་བཙུགས་པའི་ཁར་ ཁྲོམ་སྡེ་ནང་ ཨ་རྟག་ག་ཨིནམ་སྦེ་ར་ འཐུང་ཆུའི་དཀའ་ངལ་བསལ་མ་ཚུགས་པར་ ལུས་ནུག་ཟེར་ཨིན་པས།

ལྷག་པར་དུ་ ཁྲོམ་སྡེ་ནང་ གོང་འཕེལ་ག་ཅི་འབག་འོང་ཡི་ག་དང་ བསྒྱུར་བཅོས་ག་བཟུམ་འབད་ཡི་ག་ ཁྲོམ་སྡེ་ནང་སྡོད་མི་ཚུ་གིས་ ཧ་གོ་བའི་ཁར་ ཁོ་རའི་ཚོར་སྣང་ལས་འབད་རུང་ ཁྲོམ་དཔོན་བགྲེསཔ་ ཊི་ཀ་རམ་ ཀཱཕ་ལེ་གིས་ ཁྲོམ་དཔོན་གྱི་གནས་ཡུན་ཚང་རུང་ མི་མང་ལུ་ ཁས་བླངས་གསལ་བསྒྲགས་འབད་མི་ཚུ་ དེ་སྦེ་ར་ ལུས་སོ་ནུག་ཟེར་ ཚེ་རིང་ནོར་བུ་གིས་ བཤད་ཅི།

ད་རེས་ཀྱི་ བཙག་འཐུ་དེ་ ག་ནི་བ་གལ་ཆེ་ནི་དེ་གིས་ མི་སེར་ཚུ་གིས་ འདེམས་ངོ་ལྕོགས་གྲུབ་ལྡན་པའི་ཁར་ མི་སེར་གྱིས་ བློ་གཏད་ཚུགས་མི་དང་ ཁྲོམ་སྡེའི་ལཱ་འབད་ཚུགས་མི་ འདེམས་ངོ་སྒྲིང་སྒྲི་ཅིག་ གདམ་འཐུ་འབད་དགོཔ་ གལ་ཆེ་ཟེར་ ཚེ་རིང་ནོར་བུ་གིས་ བཤད་ཅི།

ཁོ་གིས་ སླབ་མིའི་ནང་ དགེ་ལེགས་ཕུག་ཁྲོམ་སྡེ་ནང་ གོང་འཕེལ་གྱི་ལས་སྣ་ག་ཅི་ཨིན་རུང་ བསྒྱུར་བཅོས་འབད་ཚུགས་པའི་ཁར་ དེ་གིས་ ཁྲོམ་སྡེ་ལུ་ ཁེ་ཕན་འབྱུང་ནི་ཨིནམ་མ་ཚད་ རྒྱལ་ཁབ་ལུ་ ལྷན་ཐབས་སྦོམ་ཡོདཔ་ད་ ལཱ་ལེ་ཤ་ཅིག་ར་ ལོག་ཡང་བསྐྱར་སྦེ་ འབད་དགོཔ་འདུག་ཟེར་ཨིན་པས།

ཊི་ཀ་རམ་ ཀཱཕ་ལེ་གིས་ སླབ་མིའི་ནང་ ཁོ་གིས་ ཁས་བླངས་གསལ་བསྒྲགས་འབད་མི་ཚུ་ག་ར་ གྲུབ་འབྲས་བཏོན་ཡོད་པའི་ཁར་ ཁས་བླངས་ནང་མ་ཚུད་མི་ གོང་འཕེལ་གྱི་ལས་སྣ་ཚུ་ཡང་ ལེ་ཤ་ཅིག་ར་ འགོ་འདྲེན་འཐབ་སྟེ་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ སྣུམ་འཁོར་བཞག་སའི་ ས་ཁོངས་ཆུང་བ་དང་ རྡོ་བཀག་བཞག་སའི་ས་ཁོངས་ དེ་ལས་ བཟོ་སྐྲུན་གྱི་ལཱ་གཞན་ཡང་ འབད་དེ་ཡོད་ཟེར་ཨིན་པས།

ལོག་སྟེ་ར་ ཁྲོམ་དཔོན་སྦེ་ བཙག་འཐུ་འགྲུབ་པ་ཅིན་ ས་ཞིང་བཟའ་སྤྱོད་མ་འབད་བར་ སྟོངམ་བཞག་མི་དེ་ ཁྲོམ་སྡེའི་སོ་ནམ་ས་ཁོངས་སྦེ་ ཡར་དྲག་གཏང་ནི་ཨིན་ཟེར་ཨིན་པས།

མི་སེར་གྱི་ རྒྱབ་སྐྱོར་དང་བསྟུན་ ལཱ་རྩ་འགེངས་འབད་བའི་ ཉམས་མྱོང་ཐོབ་ཡོདཔ་ལས་ ད་རེས་ཡང་ མི་ཚུ་གིས་ རྒྱབ་སྐྱོར་འབད་འོང་མནོ་བའི་ རེ་བ་ཡོད་ཟེར་ ཊི་ཀ་རམ་ ཀཱཕ་ལེ་གིས་ བཤད་ཅི།

དེ་བཟུམ་སྦེ་ འདེམས་ངོ་༢ ཆ་རང་གིས་ དགེ་ལེགས་ཕུག་ཁྲོམ་ནང་ ཆུ་ལངམ་སྦེ་ བཀྲམ་སྤེལ་འབད་ནི་ལུ་ གཙོ་རིམ་བཟུང་ཡོདཔ་ད་ དེ་ཡང་ མ་འོངས་པ་ལུ་ མི་ལེ་ཤ་ཅིག་གིས་ ཁྲོམ་ནང་སྡོད་ནི་ལུ་ འོས་འབབ་ཡོད་མི་ལུ་བརྟེན་ཨིནམ་མ་ཚད་ བ་ལུ་ཁུབ་ཆུའི་ ལས་འགུལ་འགོ་བཙུགས་མི་གིས་ ཆུའི་དཀའ་ངལ་བསལ་ཚུགས་ཟེར་ གྲོས་བསྡུར་འབད་ཡི།

མི་མང་རྩོད་བསྡུར་ཐོག་ལས་ ཁྲོམ་སྡེའི་ཆུ་བཀྲམ་སྤེལ་དོན་ལུ་ མའུ་ཁོ་ལ་ལུ་ འཐུང་ཆུ་བཀྲམ་སྤེལ་ས་ཁོངས་གཞི་བཙུགས་འབད་མི་དེ་ བརྟན་ཏོག་ཏོ་དང་ ཉེན་སྲུང་དང་ལྡནམ་སྦེ་ བཞག་ནིའི་སྐོར་ལས་ གྲོས་བསྡུར་འབད་ཡོདཔ་ད་ དེ་ཡང་ འཕྲལ་འཕྲལ་ར་ ཆུ་རུད་དང་ ཆུ་གཤམ་བསལ་ནིའི་ ལས་སྣ་ཚུ་གིས་ གནོད་སྐྱོན་རྐྱབ་མི་ལུ་བརྟེན་ཨིན་པས།

ཁྲོམ་དཔོན་བགྲེསཔ་གིས་ སྤྱིར་སྙོམས་འཛོམས་འདུ་ནང་ ཁས་བླངས་གསལ་བསྒྲགས་འབད་མི་དང་ ཉོགས་བཤད་བཀོད་མིའི་ གནད་དོན་ཚུ་ལུ་ དོགས་སེལ་འབད་བའི་ཁར་ མི་སེར་དང་ གྲོས་བསྟུན་འབད་ཞིནམ་ལས་ འཆར་གཞི་བརྩམ་ནི་དང་ གོང་འཕེལ་གྱི་ལས་སྣ་ཚུ་ དེ་སྦེ་ འགོ་འདྲེན་འཐབ་ནི་ཨིན་ཟེར་ སླབ་ཅི།

འདེམས་ངོ་ཚེ་རིང་ནོར་བུ་གིས་ བཤད་མིའི་ནང་ མི་སེར་གྱི་ཚ་གྱང་ཚུ་ ཉན་དགོཔ་གལ་ཆེ་ནི་དང་ ཁྲོམ་སྡེའི་ཞབས་ཏོག་ཚུ་ ཨང་གནས་ཅན་གྱི་ཐོག་ལས་ བྱིན་དགོཔ་ཨིནམ་ལས་ ཚད་ལྡན་གྱི་ སྒྲིག་བཀོད་བཅའ་སྒྲིག་རྐྱབ་སྟེ་ དུས་ཐུང་གི་ ཞབས་ཏོག་བྱིན་ནིའི་དོན་ལུ་ གཙོ་རིམ་བཟུང་ནི་ཨིན་ཟེར་ཨིན་པས།

ཊི་ཀ་རམ་ ཀཱཕ་ལེ་གིས་ སླབ་མིའི་ནང་ ཁྲོམ་སྡེའི་དོན་ལུ་ ཆུ་བཀྲམ་སྤེལ་ལངམ་སྦེ་ཡོདཔ་ཨིན་རུང་ ད་རེས་ཀྱི་ ཆུ་བཀྲམ་སྤེལ་འབད་མི་དེ་གིས་ ད་རེས་ནངས་པར་ བཟོ་སྐྲུན་གོང་འཕེལ་གྱི་ ལས་སྣ་ལེ་ཤ་འོང་དོ་ཡོདཔ་ལས་ ལང་མི་ཚུགས་འོང་ཟེར་ཨིན་པས།

ཊི་ཀ་རམ་ ཀཱཕ་ལེ་གིས་ ཁས་བླངས་གསལ་བསྒྲགས་དེ་ཡང་ མི་སེར་ཚུ་གི་ སྐྱིད་སྡུག་བལྟ་མི་དང་ བདེ་སྟབས་སྒྲིང་སྒྲི་ དེ་ལས་ བདེ་ཉམས་དྲགཔ་འབད་མི་ལུ་ ཚོགས་རྒྱན་བཙུགས་དགོཔ་ད་ ཚེ་རིང་ནོར་བུ་གིས་འབད་བ་ཅིན་ མི་སེར་ཚུ་ལུ་ བསྒྱུར་བཅོས་འབག་འོང་ཚུགས་མི་དང་ གོ་སྐབས་གསརཔ་ དམིགས་དོན་གསརཔ་ལུ་བལྟ་སྟེ་ ཚོགས་རྒྱན་བཙུགས་དགོཔ་ཨིན་ཟེར་བའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *