བདེན་པ་ག་ལུ་ཡོདཔ་ཨིན་ན?

༉ བདུན་ཕྲག་འདི་ནང་ པདྨ་དགའ་ཚལ་དང་ བུམ་ཐང་རྫོང་ཁང་ནང་ ཕོ་སྐྱེས་༢ ལུ་ ཤི་རྐྱེན་བྱུང་པའི་ཤུལ་ལུ་ མི་ལ་ལོ་ཅིག་གིས་ ནད་ཡམས་ཀོ་བིཌ་-༡༩ འི་ སྨན་ཁབ་བཙུགས་མི་དང་ འབྲེལ་བ་ཡོདཔ་སྦེ་ བསམ་འཆར་འདྲ་མིན་སྣ་ཚོགས་བཀོད་མི་ལུ་བརྟེན་ རྩོད་འགྲན་ཅན་གྱི་ གནད་དོན་ཅིག་ལུ་ གྱུར་སོ་ནུག།

ག་འཆརཔ་ཟེར་བ་ཅིན་ ཚེ་འདས་གཉིས་ཆ་ར་ ཀོ་བིཌ་-༡༩ འི་སྨན་ཁབ་བཙུགསཔའི་ཤུལ་ལས་ ཤི་རྐྱེན་བྱུང་ནི་དེ་གིས་ སྨན་ཁབ་མ་འཕྲོདཔ་འོང་ནི་མས་ཟེར་བའི་ ཚ་གྱང་དང་ དོགས་སྣང་ཆགས་མི་ལུ་བརྟེན་ཨིན་མས།

ཨིན་རུང་ སྤྱི་ཟླ་༤ པའི་ཚེས་༡ གི་ཕྱི་རུ་ རྒྱང་མཐོང་ཊི་བིའི་ དངོས་མཐོང་ལས་རིམ་ནང་ རྒྱལ་ཡོངས་ནད་བཀག་སྨན་བཙུགས་འཕྲུལ་རིག་བསླབ་བཀོད་སྡེ་ཚན་གྱིས་ ཤི་རྐྱེན་བྱུང་མི་གཉིས་ཆ་ར་ ཀོ་བི་ཤེལཌ་སྨན་ཁབ་བཙུགས་མི་དང་ འབྲེལ་གནད་མེད་པའི་ དོགས་སེལ་འབད་ཡི།

གསོ་བའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ པདྨ་དགའ་ཚལ་ལུ་ སྐྱེས་ལོ་༨༤ ལང་མི་ ཨ་རྒས་དེ་ དུས་རྒྱུན་དུ་ གློ་ཡུའི་ཚད་ནད་དང་ དབུགས་བསག་ནད་ཀྱི་ སྨན་ཟ་མི་ཅིག་ཨིནམ་བཞིན་དུ་ ཀོ་བིཌ་-༡༩ འི་སྨན་ཁབ་མ་བཙུགས་པའི་ཧེ་མ་ཡང་ ཨ་རྒས་དེ་ དབུགས་གཏོང་ལེན་གྱི་ དཀའ་ངལ་བྱུང་ནུག་ཟེར་ཨིན་མས།

ཨ་རྒས་དེ་ལུ་ དབུགས་བསད་ནད་ཡོད་རུང་ སྨན་ཁབ་བཙུགས་པའི་ཤུལ་ལུ་ པདྨ་དགའ་ཚལ་གྱི་ ཌོག་ཊར་ཚུ་གིས་ བརྟག་ཞིབ་འབདཝ་ད་ སྨན་ཁབ་ལུ་བརྟེན་པའི་ ཞོར་གནོད་དང་ གཟུགས་ཁམས་ལུ་མ་འཕྲོད་པའི་ རྟགས་མཚན་ག་ནི་ཡང་ མ་སྟོན་པས་ཟེར་ བསླབ་སྟོན་སྡེ་ཚན་གྱི་ འཐུས་མི་ཅིག་གིས་ བཤདཔ་ཨིན་མས།

ཚེ་འདས་དེ་གིས་ སྨན་ཁབ་བཙུགས་ཏེ་ དེ་གི་ནངས་པ་དྲོ་པར་ དབུགས་མགྱོགས་སུ་སྦེ་ ལེན་དོ་ཡོད་པའི་ ཉོགས་བཤད་བཀོད་ཡོདཔ་ད་ མ་གཞི་ ཁོ་ར་ སྨན་ཟ་བཞིན་དུ་ཡོད་རུང་ ཁོ་རའི་ དབུགས་བསག་ནད་དེ་ ཚབས་ཆེན་ཅིག་ལུ་ གྱུར་མི་ལུ་བརྟེན་ གྱོངས་སོཔ་ལས་ སྨན་ཁབ་དང་ འབྲེལ་བ་ག་ནི་ཡང་མིན་འདུག་ཟེར་ གསོ་བའི་མཁས་མཆོག་ཅིག་གིས་ དོགས་སེལ་འབད་ཡི།

ཚེ་འདས་ཀྱི་ བཟའ་ཚང་འཐུས་མི་ཚུ་གིས་འབད་རུང་ ཨ་རྒས་དེ་ ཧེ་མ་ལས་ར་ གནས་སྟངས་སྐྱོ་དྲགས་ཡོད་མི་ལུ་བརྟེན་ རྐྱེན་ངན་བྱུང་ཡོདཔ་མ་གཏོགས་ སྨན་ཁབ་ལུ་ དོགས་པ་མེད་ཟེར་ སླབ་ཨིན་མས།

བུམ་ཐང་ལུ་ ཕོ་སྐྱེས་ཅིག་ སྨན་ཁབ་བཙུགས་པའི་ཤུལ་ལས་ ཤི་རྐྱེན་བྱུང་མི་དེ་ཡང་ ཁོ་ར་ ཆང་འཐུང་མི་ཅིག་འབདཝ་ལས་ སྨན་ཁབ་བཙུགས་ནིའི་དོན་ལུ་ ཆང་བཞག་པའི་སྐབས་ལུ་ བརྒྱལ་ནད་ཐོབ་ནུག་ཟེར་ཨིན་མས།

ཚེ་འདས་དེ་ སྨན་ཁབ་བཙུགས་པའི་ཤུལ་ལས་ དུས་ཡུན་སྐར་མ་༣༠ ལྟ་རྟོག་ཐོག་ལུ་བཞགཔ་ད་ སྨན་ཁབ་ཀྱི་ གནོད་པ་གབྱུང་པའི་ རྟགས་མཚན་ག་ནི་ཡང་ མ་སྟོན་པས་ཟེར་ཨིན་མས།

ཨིན་རུང་ ནུབ་ཕྱེད་དེ་ཅིག་ཁར་ ཁོ་ར་ གསང་སྤྱོད་ནང་འགྱོཝ་ད་ གནས་ཚང་གིས་ ཁོ་ར་འགྱེལ་ཏ་རྐྱབ་འགྱོ་བའི་ སྐད་གོ་ཡོདཔ་ལས་ བལྟ་བར་འགྱོཝ་ད་ བརྒྱལ་ནད་ལུ་བརྟེན་ གཟུགས་ས་ཁར་འགྱེལ་ཏེ་ དྲན་མེད་བརྒྱལ་སར་ མཐོང་ཡོད་རུང་ དེ་བཟུམ་སྦེ་ ཨ་རྟག་ར་ འབད་ནི་ཡོདཔ་ལས་ ཡར་འཐུ་སྟེ་ ཉལ་ཁྲི་གུ་ བཀལ་བཞག་ནུག་ཟེར་ཨིན་མས།

དེ་འབདཝ་ད་ རྨགཔ་དེ་ དེ་གི་ནངས་པ་དྲོ་པ་ དྲན་མེད་སྦེ་ཡང་ སྡོད་ཡོད་མི་ལུ་བརྟེན་ གནས་ཚང་གིས་ སྨན་ཁང་ལུ་ བརྒྱུད་འཕྲིན་བཏང་ཡོདཔ་བཞིན་དུ་ དྲུང་འཚོ་གིས་ བརྟག་དཔྱད་འབདཝ་ད་ མགུ་ཏོ་གུ་ རྨ་སྐྱོན་བྱུང་ཡོདཔ་ལས་ དེ་འཕྲོ་ལས་ ཐད་འཕུར་གནམ་གྲུ་ནང་ འབག་འོང་ནི་གི་ རྩ་འགེངས་ཡོད་རུང་ གནམ་གཤིས་གནས་སྟངས་ ལེགས་ཤོམ་མེདཔ་ལས་  ནདཔ་སྐྱེལ་ལེན་སྣུམ་འཁོར་ནང་ ཐིམ་ཕུག་གཙོ་བསྟེན་སྨན་ཁང་ནང་ འབག་འོང་དགོཔ་བྱུང་ནུག།

ཐིམ་ཕུག་ལུ་ལྷོདཔ་ད་ ནདཔ་དེ་གི་ མགུ་ཏོ་ལུ་ སི་ཊི་ཨིསི་ཀེན་ཟེར་ འཕྲུལ་ཆས་ཐོག་ལས་ བརྟག་ཞིབ་འབདཝ་ད་ ཀླད་པའི་ནང་ ཁྲག་གསརཔ་དང་རྙིངམ་གཉིས་ཆ་ར་ འཛགས་ཡོདཔ་ལས་ སྲོག་སྐྱབས་འབད་མ་ཚུགས་ཟེར་ ཌོག་ཊར་ཅིག་གིས་ བཤདཔ་ཨིན་མས།

དོགས་སེལ་འབད་མི་དེ་ བརྡ་བརྒྱུད་ནང་ ཐོན་པའི་ཤུལ་ལུ་ ལ་ལོ་གིས་ གསོ་བའི་ཁ་ཐུག་ལས་ སྨན་ཁབ་དང་འབྲེལ་བ་ ག་ནི་ཡང་མེདཔ་སྦེ་ སླབ་མི་དེ་ལུ་ ཡིད་ཆེས་འདྲོངས་མ་ཚུགས་པའི་ བསམ་འཆར་བརྗེ་སེར་འབདཝ་ཨིན་མས།

ཨིན་རུང་ འདི་བཟུམ་མའི་ གནད་དོན་ནང་ དབྱེ་དཔྱད་དང་ བསམ་ཞིབ་འབད་ནིའི་དོན་ལས་ ང་བཅས་ག་ར་ལུ་ ཚན་རིག་དང་ གསོ་བའི་རིག་རྩལ་དང་ ལྕོགས་གྲུབ་མེདཔ་ལས་ གསོ་བའི་མཁས་མཆོག་ཚུ་གིས་ ག་སླབ་མི་དང་ བདེན་ཁུངས་བཟང་མི་ལུ་ ཆ་བཞག་ནི་མ་གཏོགས་ ཐབས་ལམ་གཞན་ མི་མཐོངམ་མས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *