བདེན་ཁུངས་ག་ལུ་ཡོདཔ་ཨིན་ན?

༉ ད་རེས་ནངས་པར་ རྩོད་རྙོགས་ཅན་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ཨོ་ལ་རོང་ཆུའི་ སྣུམ་འཁོར་བཅོ་ཁང་ ལག་ལེན་པ་ ལེ་ཤ་ཅིག་གིས་ར་ ཁོང་གི་ ཚོང་འབྲེལ་སྒོ་བསྡམ་དགོཔ་ འཐོན་ནི་མས་ཟེར་ སྤྱགས་སྡུག་འཐབ་སྟེ་ འབྲེལ་ཡོད་དབང་འཛིན་ཚུ་ལུ་ ཐེ་གཏོགས་འབད་དགོ་པའི་ ཞུ་བ་ཕུལ་བཞིན་དུ་འདུག།
སྒེར་གྱི་སྒྲིང་ཁྱིམ་ཚུ་ནང་ སྣུམ་འཁོར་བཅོ་ཁང་གཞི་བཙུགས་འབད་མི་ ཇོ་བདག་༡༡ ལྷགཔ་ཅིག་གིས་ སྒྲིང་ཁྱིམ་གྱི་ ཇོ་བདག་ཚུ་ ཁྲིམས་ཀྱི་འདུན་སར་ བསྐྱལ་མི་དེ་ཡང་ སའི་ཇོ་བདག་ཚུ་གིས་ འབྲུག་གི་ས་དང་ཁྱིམ་གླར་སྤྱོད་ཀྱི་བཅའ་ཁྲིམས་༢༠༡༥ ཅན་མ་དང་མ་འཁྲིལ་བར་ ཁང་གླ་བརྒྱ་ཆ་༢༠༠ ལས་༣༠༠ གི་བར་ན་ ཡར་སེང་འབད་ནི་དེ་གིས་ཨིན་མས།
ཁང་གླ་དེ་ཡང་ སྤྱི་ལོ་༢༠༠༨ ཟླ་༡༠ པའི་ནང་ སྣུམ་འཁོར་བཅོ་ཁང་༣༢ དེ་ཅིག་ཡོད་མི་ཚུ་ ལྕང་ཟམ་ཏོག་ལས་ ཨོ་ལ་རོང་ཆུ་ལུ་ སྤོ་བཤུད་འབད་བའི་སྐབས་ སྣུམ་འཁོར་བཅོ་ཁང་ཆེ་བ་ལུ་ ཟླ་རིམ་ཁང་གླ་དངུལ་ཀྲམ་༦༠,༠༠༠ རེ་དང་ བར་མ་ལུ་ དངུལ་ཀྲམ་༣༠,༠༠༠ རེ་ དེ་ལས་ བཅོ་ཁང་ཆུང་བ་ལུ་ དངུལ་ཀྲམ་༢༠,༠༠༠ རེ་སྦེ་ ཚད་གཞི་བཟོ་ཡོདཔ་བཞིན་དུ་ བཅའ་ཁྲིམས་དང་འཁྲིལ་ ལོ་༢ ཀྱི་ནང་ བརྒྱ་ཆ་༡༠ རེ་ཡར་སེང་འབད་དགོཔ་ཨིན་རུང་ སའི་ཇོ་བདག་ཚུ་གིས་ ལོ་༨ ཀྱི་ནང་འཁོད་ལུ་ ཁང་གླ་བརྒྱ་ཆ་༢༦༦ ལས་༣༠༠ ཚུན་ ཡར་སེང་འབད་ནི་དེ་གིས་ཨིནམ་ད་ དཔེར་ན་ སྤྱི་ལོ་༢༠༠༨ ལུ་ ཐོག་ཚད་༣ འབད་མི་ སྒྲིང་ཁྱིམ་ཆེ་བ་རེ་ལུ་ ཟླ་རིམ་ཁང་གླ་ དངུལ་ཀྲམ་༦༠,༠༠༠ རེ་འབད་མི་དེ་ ད་རེས་ནངས་པར་ དངུལ་ཀྲམ་༡༧༠,༠༠༠ ལས་༡༩༠,༠༠༠ ཚུན་ ཡར་སེང་འབད་མི་ལུ་བརྟེན་ ཁེ་རྒུད་མ་བཏུབ་པར་ ཁྲིམས་ཀྱི་འདུན་སར་ རྩོད་གཞི་བཙུགས་ཏེ་འདུག།
འདི་འབདཝ་ད་ སྒྲིང་ཁྱིམ་གྱི་ ཇོ་བདག་ཚུ་གི་ ཁ་ཐུག་ལས་ཡང་ སྣུམ་འཁོར་བཅོ་ཁང་ལག་ལེན་པ་ཚུ་ལུ་ ལོ་རྒྱུས་འདྲ་མིན་སྣ་ཚོགས་སླབ་ནི་ ཡོད་མི་དེ་ཡང་ ད་རེས་ནངས་པར་ ཚོང་ཁྲོམ་གྱི་ གོང་ཚད་དང་འཁྲིལ་བ་ཅིན་ ཁོང་གི་ཁང་གླ་དེ་ ལེ་ཤ་གིས་ ཉུང་དོ་ཡོདཔ་ལས་ སྣུམ་འཁོར་བཅོ་ཁང་གི་ ཇོ་བདག་ཚུ་གིས་ ཁ་ཉེས་བཀལ་མི་ལུ་ གཞི་ཁུངས་མེད་ཟེར་ བཤདཔ་ཨིན་མས།
སྒྲིང་ཁྱིམ་གྱི་ ཇོ་བདག་ཚུ་གིས་འབད་བ་ཅིན་ ས་ཌིསི་༢༠.༨ འབད་མིའི་ནང་རྐྱབ་མི་ ཐོག་ཚད་༣ འབད་མི་ སྒྲིང་ཁྱིམ་དེ་ སྤྱི་ལོ་༢༠༠༨ ལུ་ ཟླ་རིམ་ཁང་གླ་ དངུལ་ཀྲམ་༣༥,༠༠༠ སྦེ་ སྤྲོད་པའི་ཤུལ་ལས་ ད་རེས་ནངས་པར་ དངུལ་ཀྲམ་༥༥,༠༠༠ ལས་བརྒལ་ ཡར་སེང་མ་འབད་རུང་ ཐིམ་ཁྲོམ་ནང་ ཉལ་ཁང་གསུམ་འབད་མི་ ཁང་ཚན་རེ་ལུ་ ཁང་གླ་དངུལ་ཀྲམ་༢༠,༠༠༠ རེ་ལེན་མི་དེ་ སྒྱིག་བལྟ་དགོཔ་འདུག་ཟེར་ཨིན་མས།
སའི་ཇོ་བདག་ཚུ་གིས་ སླབ་མིའི་ནང་ སྣུམ་འཁོར་བཅོ་ཁང་བཙུགས་མི་ མང་ཤོས་ཅིག་གིས་ར་ ཁང་གླ་དུས་ཚོད་ཁར་ བཏབ་ནི་མེདཔ་མ་ཚད་ ལ་ལོ་གིས་ ཟླཝ་༡ གི་ཁང་གླ་སྤྲོད་དེ་ ཟླཝ་༢ ཀྱི་ ཁང་གླ་མ་སྤྲོད་པར་ བཞག་མི་དེ་གིས་ ཁྱིམ་གྱི་སྐྱིན་ཚབ་བཏབ་མ་ཚུགས་པའི་ དཀའ་ངལ་བྱུང་མི་ལུ་བརྟེན་ ཁོང་གི་ ཁང་ཚན་ཚུ་ སྟོངམ་བཏོན་དགོ་པའི་ བརྡ་བསྐུལ་ཡི་གུ་ཚུ་ བཏང་ཡི་ཟེར་ཨིན་མས།
སྣུམ་འཁོར་བཅོ་ཁང་བཙུགས་མི་ཚུ་གིས་ གཞན་ཚུ་ལས་ ཁང་གླ་ལེན་ཏེ་ སྒྲིང་ཁྱིམ་གྱི་ ཇོ་བདག་ཚུ་ལུ་ སྤྲོད་དོ་ཡོདཔ་ལས་ བར་ཚོང་པ་བཟུམ་སྡོད་དེ་ ཁེ་སང་རྐྱངམ་གཅིག་ རྩིས་རྐྱབ་སྡོད་ནི་དེ་ མི་བཏུབ་འོང་ཟེར་ ཁྱིམ་གྱི་ཇོ་བདག་ཚུ་གི་ ངོ་ཚབ་ཀྱིས་ བཤདཔ་ཨིན་མས།
རྩ་ཕན་གཉིས་ཆ་ར་གིས་ རང་སོའི་བདེན་ཁུངས་ཚུ་ བཟང་མི་ལུ་ བལྟ་བ་ཅིན་ བདེན་པ་གཉིས་ཆ་ར་ལུ་ ཡོདཔ་བཟུམ་སྦེ་ གནད་ཁུངས་གསལ་སྟོན་འབདཝ་ཨིན་རུང་ འཕྲལ་གྱི་ཁེ་ཕན་ལུ་མེན་པར་ མ་འོངས་ཡུན་རིང་གི་ མནོ་བསམ་གཏང་དགོཔ་དེ་ ག་ནི་བ་གལ་ཆེ།
འདི་འབདཝ་ལས་ སྣུམ་འཁོར་བཅོ་ཁང་ཚུ་གིས་ གཞུང་དང་ འབྲེལ་ཡོད་དབང་འཛིན་ཚུ་ལུ་ བར་ཞུགས་ཐོག་ལས་ ཁང་གླ་ཡང་སེང་བཀག་འཛིན་དང་ ཡང་ཅིན་ བཟོ་གྲྭ་འཕྲུལ་ཁང་གི་ ས་གོ་གཞན་ཅིག་ནང་ ཡུན་རིང་གི་ གཞུང་ས་གླར་སྤྱོད་འབད་ནི་གི་ གནང་བ་གནང་དགོ་པའི་ ཞུ་བ་ཕུལ་མི་ལུ་ཡང་ འོས་ཁུངས་སྦོམ་འདུག།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *