སྤྱི་ཟླ་༥ པའི་ཚེས་༡༡ ལུ་ འབྲུག་གི་དངུལ་ཁང་གིས་ བདེ་སྲུངཔ་རིག་རྩལ་ལས་རིམ་ཐོག་ལས་ ཚོང་འབྲེལ་གཞི་བཙུགས་ཀྱི་ སྐྱིན་འགྲུལ་འགོ་འབྱེད་འབད་ནུག།

བདེ་སྲུངཔ་རིག་རྩལ་ཅན་ཚུ་གིས་ གཏའ་མ་མེད་པའི་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༥ ཚུན་འཐོབ་ནི།

༉ ད་ཚུན་ བདེ་སྲུང་རིག་རྩལ་ལས་རིམ་ཐོག་ལས་ རྒྱལ་ཁབ་ནང་ བདེ་སྲུངཔ་༢,༠༠༠ ལྷགཔ་ཅིག་གིས་ རིག་རྩལ་གོང་འཕེལ་གཏང་ནིའི་ སྦྱོང་བརྡར་ཚུ་འབད་ཡོད་རུང་ དངུལ་འབྲེལ་གྱི་ དཀའ་ངལ་ལུ་བརྟེན་ ཁོང་རའི་རིག་རྩལ་ཚུ་ ལག་ལེན་འཐབ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།

དེ་འབདཝ་ལས་ བདེ་སྲུངཔ་ཚུ་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ སྤྱི་ཟླ་༥ པའི་ཚེས་༡༡ ལུ་ ཞབས་དྲུང་སྐུ་མཆོད་ཀྱི་ ཉིནམ་དང་བསྟུན་ འབྲུག་གི་དངུལ་ཁང་གིས་ བདེ་སྲུངཔ་རིག་རྩལ་ལས་རིམ་ཐོག་ལས་ ཚོང་འབྲེལ་གཞི་བཙུགས་ཀྱི་ སྐྱིན་འགྲུལ་འགོ་འབྱེད་འབད་ཡི།

ལས་རིམ་དེ་ལུ་བརྟེན་ རིག་རྩལ་ལྡན་པའི་ བདེ་སྲུངཔ་ཚུ་གིས་ དངུལ་ཁང་ཚུ་ནང་ གཏའ་མ་བཙུགས་མ་དགོ་པར་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༥ ཚུན་ འཐོབ་ཚུགས་ནི་ཨིན་པས།

ཚོང་འབྲེལ་གཞི་བཙུགས་ཀྱི་ སྐྱིན་འགྲུལ་ཟེར་མི་དེ་ དངུལ་རྐྱང་འོང་འབབ་དང་འཁྲིལ་བའི་ སྐྱིན་འགྲུལ་ཨིན་པའི་ཁར་ གཏའ་མ་ཡང་ བཙུགས་མི་དགོ་ནི་ཨིན་པས།

གཏའ་མ་གི་ཚབ་སྦེ་ ཚོང་འབྲེལ་གཞི་བཙུགས་འབད་ནིའི་དོན་ལུ་ སྐྱིན་འགྲུལ་ལེན་མི་ བདེ་སྲུངཔ་གཞན་གྱི་ འགན་ལེན་འབད་དགོཔ་ཨིན་པས།

ཚོང་འབྲེལ་གཞི་བཙུགས་འབད་ནིའི་དོན་ལུ་ གདོང་ལེན་སྦོམ་ཤོས་ཅིག་ དངུལ་ཁང་ཚུ་ལས་ སྐྱིན་འགྲུལ་ལེན་པའི་སྐབས་ གཏའ་མ་བཙུགས་དགོ་པའི་ དགོས་མཁོ་ཡོད་མི་དེ་ཨིན་རུང་ ད་རེས་ བདེ་སྲུངཔ་རིག་རྩལ་ལས་རིམ་གྱི་ སྐྱིན་འགྲུལ་ལུ་བརྟེན་ གཏའ་མ་གཙུགས་ མི་དགོ་ནི་ཨིནམ་ལས་  དང་འདོད་ཅན་གྱི་ བདེ་སྲུངཔ་ཚུ་གིས་ ཚོང་འབྲེལ་གཞི་བཙུགས་འབད་ཚུགས་ནི་ཨིན་པས།

སྐྱིན་འགྲུལ་དེ་ ན་གཞོན་ཚུ་ལུ་ ཚོང་འབྲེལ་གཞི་བཙུགས་འབད་ནི་གི་ གོ་སྐབས་བཟོ་ནི་དང་ ན་གཞོན་ལཱ་གཡོག་ མ་ཐོབ་པའི་ དཀའ་ངལ་སེལ་ཐབས་འབད་ནི་ དེ་ལས་ དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་དམིགས་ཏེ་ཨིན་མི་དེ་ཡང་ ཆ་འཇོག་འབད་དེ་ གཙོ་རིམ་སྐྱིན་འགྲུལ་ལས་སྡེ་འོག་ལུ་ བཙུགས་ཏེ་ཡོདཔ་ཨིན་པས།

བདེ་སྲུངཔ་ཚུ་གིས་ སྐྱིན་འགྲུལ་ཡང་ སྐྱེད་བརྒྱ་ཆ་༨ སྦེ་ འཐོབ་ཚུགས་ནི་ཨིནམ་ལས་ དེ་གིས་ ཁེ་ཕན་སྦོམ་སྦེ་ར་ འབྱུང་ཚུགས་ནི་ཨིནམ་ད་ ངོ་རྐྱང་ཚུ་གི་ སྐྱིན་འགྲུལ་ཚད་གཞི་དེ་ དངུལ་ཀྲམ་ས་ཡ་༠.༥ དང་ སྡོམ་ཚོང་རེ་ལུ་ སྐྱིན་འགྲུལ་ཚད་གཞི་ དངུལ་ཀྲམ་ས་ཡ་༡ ལས་ མཉམ་འབྲེལ་པ་༥ ལས་ ཡན་ཆད་ཡོད་པ་ཅིན་ སྐྱིན་འགྲུལ་མཐོ་ཤོས་ དངུལ་ཀྲམ་ས་ཡ་༥ དེ་རེ་ འཐོབ་ནི་ཨིན་པས།

མཉམ་ལས་ཀྱི་ཐད་ལུ་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༥ འཐོབ་ནི་ཨིནམ་ད་ སྐྱིན་ཚབ་བཏབ་ནིའི་ དུས་ཡུན་དེ་ སྐྱིན་འགྲུལ་གྱི་ གནས་སྟངས་དང་འཁྲིལ་ འགྱོ་ནི་དང་ དུས་ཡུན་མཐོ་ཤོས་ར་ ལོ་༢༠ ཨིན་པས།

སྐྱིན་འགྲུལ་གྱི་དོན་ལུ་ དགོས་མཁོ་ཚང་དགོཔ་དེ་ཡང་ བདེ་སྲུངཔ་ཚུ་ རིག་རྩལ་དང་ དངུལ་འབྲེལ་འབྲི་ལྷག་སྦྱོང་བརྡར་ལས་རིམ་ མཇུག་བསྡུ་དགོཔ་བཞིན་དུ་ ཀུན་སྤྱོད་རྣམ་གཞག་གི་ གནས་ཐོ་ལེགས་ཤོམ་དགོཔ་མ་ཚད་ བདེ་སྲུང་ལས་ རྒྱབ་སྣོན་ཚུ་དགོཔ་ཨིན་པས།

ལས་རིམ་སྐབས་ འབྲུག་གི་དངུལ་ཁང་གི་ཁྲི་འཛིན་ ཀརྨ་ཡོན་ཏན་གྱིས་ སླབ་མིའི་ནང་ བདེ་སྲུངཔ་ཚུ་ལུ་ རིག་རྩལ་གྱི་ སྦྱོང་བརྡར་ཚུ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའ་རྒྱ་དང་འཁྲིལ་ཏེ་ གཞི་བཙུགས་འབད་མི་ བདེ་སྲུང་རིག་རྩལ་ལས་རིམ་ཐོག་ལུ་ འབད་ཡི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ བདེ་སྲུངཔ་ཚུ་གིས་ ཚོང་འབྲེལ་ནང་ ལེགས་ཤོམ་འབད་ཚུགས་པའི་ རེ་བ་ཡོདཔ་ད་ འབྲུག་གི་དངུལ་ཁང་གིས་ བདེ་སྲུང་དང་གཅིག་ཁར་ མཐར་འཁྱོལ་ཅན་གྱི་ ཡུན་རིང་མཉམ་འབྲེལ་འབད་ནི་ལུ་ རྩ་འགེངས་དོ་ཟེར་ཨིན་པས།

ལས་རིམ་སྐབས་ བརྡ་དོན་འཕྲུལ་རིག་གི་ རིག་རྩལ་སྦྱོང་བརྡར་མཐར་འཁྱོལ་མི་ བདེ་སྲུངཔ་༣ གྱིས་ སྐྱིན་འགྲུལ་གྱི་ གན་ཡིག་གུ་ མིང་རྟགས་བཀོད་ཡོདཔ་ཨིན་པས།

ད་ལྟོ་ཚུན་ཚོད་ བདེ་སྲུངཔ་༢,༣༡༦ དེ་ཅིག་གིས་ རིག་རྩལ་ལས་རིམ་ཁག་མ་འདྲཝ་༩༦ ནང་ སྦྱོང་བརྡར་འབད་ཡོདཔ་བཞིན་དུ་ ད་རེས་ སྦྱོང་བརྡར་ལས་རིམ་ཁག་༤༧ ནང་ བདེ་སྲུངཔ་༡,༠༠༧ གྱིས་ སྦྱོང་བརྡར་འབད་བའི་བསྒང་ ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *