བདེ་སྲུང་སྦྱོང་བརྡར་གྱི་ རྩོད་བཤེར་ནང་ འབྲེལ་བ་ཡོད་མི་ཚུ་ལུ་ གདོང་བཤེར་འབད་ཡོདཔ།

༉ ཁ་ཙ་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་དང་པ་གིས་ དབང་འདུས་ཕོ་བྲང་ བསྟན་སྐྱོང་གླིང་དམག་སྦྱོང་ལྟེ་བ་ནང་ བདེ་སྲུང་སྦྱོང་བརྡར་འབད་བའི་སྐབས་ མ་དངུལ་ལོག་སྤྱོད་དང་འབྲེལ་བའི་ རྩོད་བཤེར་ནང་འབྲེལ་བ་ཡོད་མི་ ལིང་དཔོན་ཨོ་རྒྱན་དངོས་གྲུབ་དང་ དཔལ་དཔོན་སངས་རྒྱས་གྲགས་པ་༢ ཀྱི་རྩོད་བཤེར་ནང་ འབྲེལ་བ་ཡོད་མི་ ཚོང་པ་༥ ལུ་ ངག་བརྗོད་བྱིན་བཅུག་ཡི།
དེ་ཡང་ ཚོང་པ་ཚུ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ངག་བརྗོད་བྱིན་ཡོད་མི་དེ་ ཤུལ་ལས་ ཁྲིམས་འདུན་ཚུ་ནང་ རྩོད་བཤེར་འབད་བའི་སྐབས་ སོ་སོར་བྱིན་ཡོདཔ་ལས་ ངག་བརྗོད་ག་ལུ་ ཆ་བཞག་ནི་ཨིན་ན་ མ་ཤེསཔ་ལས་ གཏན་འཁེལ་གྱི་དོན་ལུ་ ལོག་བྱིན་དགོ་པའི་ བཀའ་རྒྱ་གནང་ཡི།
རྩོད་བཤེར་འགོ་མ་བཙུགས་པའི་ཧེ་མར་ དྲང་དཔོན་གྱིས་ ཚོང་པ་ཚུ་ལུ་ ཁོང་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ངག་བརྗོད་བྱིན་མི་དེ་ ཁས་བླངས་ཐོག་ལས་ཨིན་ན་ཟེར་ དྲི་བའི་སྐབས་ ཁས་བླངས་ཐོག་ལས་ བྱིན་ཡི་ཟེར་ཞུ་བའི་ཤུལ་ལས་ ཚོང་པ་ཚུ་ལུ་ ངག་བརྗོད་ཀྱི་བདེན་པ་ཚུ་ ལོག་བཙུགས་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
རྒྱལ་གཞུང་དམག་སྡེའི་ རྩོད་བཤེར་པ་ སྤྱི་དཔོན་ཉི་མ་གིས་ ཞུ་མིའི་ནང་ རྩོད་ཟླ་ཚུ་གིས་ སྦྱོང་བརྡར་གྱི་དོན་ལུ་ མཁོ་སྒྲུབ་འབད་དགོཔ་ཐོན་མི་ཚུ་ ཧང་སྟོང་མར་ འབད་དགོཔ་ཐོན་ཡི་ཟེར་ཞུ་མི་ཚུ་ མི་བདེན་ཟེར་ཞུ་ཡི།
བདེ་སྲུང་སྦྱོང་བརྡར་ཐེངས་༢༢ པའི་དོན་ལུ་ གླེ་མོ་ཚོང་ཁང་དང་ སི་ཏ་ཤ་ཁང་ སྒྲོལ་མ་ཚོང་ཁང་ དེ་ལས་ རྡོ་རྗེ་མངར་རྫས་བཟོ་ཁང་ཚུ་ནང་ལས་ དངུལ་ཀྲམ་༩,༨༩,༡༦༢.༨༨ གནས་པའི་ ཅ་ཆས་ཚུ་ཉོ་བའི་ རྩིས་ཁྲ་བཏོན་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལྷན་འཛིན་རྒྱ་མཚོ་གིས་ རྩོད་བཤེར་དེ་གི་དོན་ལུ་ གདོང་བཤེར་འབད་ནིའི་དོན་ལུ་ ལྷན་འཛིན་གྱི་ འགོ་དཔོན་༤ ་ཁྱིད་དེ་ ཁྲིམས་འདུན་ལུ་བཅར་ཡི།
ལིང་དཔོན་ ཨོ་རྒྱན་ཉི་མ་ལུ་ དྲི་དཔྱད་འབད་མི་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱོདཔ་མདོ་ཆེན་གྱིས་ གནད་དོན་དེ་ལུ་ ཞིབ་དཔྱད་འབད་བའི་སྐབས་ ཚོང་དཔོན་ཚུ་ལས་ འགོ་བཙུགས་ཏེ་ ལས་རིམ་འགོ་འདྲེན་འཐབ་མི་ དམག་མི་ཚུ་ལས་སྦེ་ བདག་སྐྱོང་འགོ་དཔོན་ཚུ་ལུ་ དྲི་དཔྱད་འབད་ཡི་ཟེར་ ཞུ་ཡི།
དེ་འབདཝ་ལས་ ཁོ་གིས་ ཁྲིམས་འདུན་གྱིས་ དྲི་དཔྱད་འབད་མི་ཚུ་ སྒྲ་བཟུང་ཡོད་མི་ལས་ ཤེས་ཚུགས་ཟེར་ཞུ་ཡོདཔ་ད་ ལྷན་ཚོགས་ཀྱི་ ཁྲིམས་དོན་འགོ་དཔོན་གྱིས་ དྲི་དཔྱད་འབད་བའི་སྐབས་ ཁོང་ཚུ་ལུ་ རྒྱབ་མིའི་རང་དབང་ཡོད་མི་དང་ མཇུག་ལུ་ ཁོང་གིས་ ཐེབས་སླབ་ནི་ཡོད་མེད་ཚུ་ཡང་ གོ་སྐབས་བྱིན་ཡི་ཟེར་ཞུ་ཡི།
གདོང་བཤེར་འབད་བའི་སྐབས་ དམག་སྡེའི་ཁྲིམས་ཚབ་ཚུ་གིས་ ཚོང་པ་ཚུ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་བྱིན་མི་ ངག་བརྗོད་ལུ་ གཞི་བཞག་ཡོད་རུང་ རྩོད་ཟླ་ཚུ་གིས་ ཚོང་པ་ཚུ་གིས་ ཁྲིམས་འདུན་ལུ་བྱིན་མི་ ངག་བརྗོད་ལུ་ གཞི་བཟུང་སྟེ་ཞུ་བ་ཚུ་འབད་ཡི།
ལིང་དཔོན་ཨོ་རྒྱན་ཉི་མ་གིས་འབད་བ་ཅིན་ ཁོ་ར་ གསར་སྤང་ཕིབ་སུ་ལུ་ སྡོད་པའི་སྐབས་ ཧང་སྟོང་མར་ ཐིམ་ཕུག་ལུ་འབོ་སྟེ་ དྲི་དཔྱད་འབད་ནི་དེ་གིས་ ཁོ་གིས་ རྩིས་ཁྲ་ཚུ་ བདེ་སྒྲིག་འབད་ཡོདཔ་མ་གཏོགས་ གཞན་མི་ཚུ་ག་ར་ དཔྱད་རིག་མི་འོང་མས་ཟེར་བའི་ ངག་བརྗོད་བྱིན་ཡི་ཟེར་ཞུ་ཡི།
རྩོད་ཟླ་གིས་འབད་བ་ཅིན་ གསོལ་རས་དང་ དམག་སྡེའི་གཞསཔ་ ཐབ་ཚངཔ་ དེ་ལས་ སྦྱོང་བརྡར་ནང་འབྲེལ་བ་ཡོད་མི་ཚུ་ལུ་བྱིན་མི་ ཏི་རུ་ཚུ་ ཚོང་ཆས་ཚུ་ནང་ བདེ་སྒྲིག་འབད་ཡི་ཟེར་ཞུ་ཡོདཔ་ད་ ལྷན་ཚོགས་ཀྱི་འགོ་དཔོན་ཚུ་གིས་ ལྟེ་བའི་འགོ་དཔོན་ཚུ་གིས་ བདེ་སྒྲིག་འབད་ནིའི་ སྲོལ་ཡོད་ཟེར་སླབ་ནི་དེ་གིས་ བདག་སྐྱོང་འགོ་དཔོན་ལ་ལོ་གིས་ ཡི་གུ་བཙུགས་ཏེ་ གནང་བ་ལེན་པའི་ཤུལ་ལས་ འབད་ཡོད་མི་ཚུ་ལུ་ ཉེས་འཛུགས་མ་འབད་ཟེར་ཞུ་ཡི།
ཁྲིམས་རྩོདཔ་གིས་ རྩོད་ཟླ་ཚུ་གིས་ གསོལ་རས་བྱིན་པའི་སྐོར་ལས་ སྒྲུབ་བྱེད་གསལ་སྟོན་འབད་ནི་མེདཔ་ལས་ ལོག་སྤྱོད་འབད་བའི་ ཉེས་འཛུགས་འབད་ཡི་ཟེར་ཞུ་ཡོདཔ་ད་ ཁྲིམས་འདུན་གྱིས་ ལྷན་ཚོགས་ལུ་ གསོལ་རས་སྦེ་ཏི་རུ་བྱིན་མི་ཚུ་ ག་དེམ་ཅིག་ཡོདཔ་ཨིན་ན་ཚུ་ གཏན་འཁེལ་འབད་དགོཔ་སྦེ་ སླབ་ཡོདཔ་ད་ རྩོད་ཟླ་ཚུ་གིས་འབད་རུང་ གསོལ་རས་ཚུ་ ག་ལུ་བྱིན་ཡོདཔ་ཨིན་ན་ཚུ་ གསལ་སྟོན་འབད་དགོཔ་སྦེ་ སླབ་ཅི།
ལིང་དཔོན་ཨོ་རྒྱན་དངོས་གྲུབ་ལུ་ དངུལ་ཀྲམ་ས་ཡ་༡.༣༣༨ ཚུལ་མིན་སྤྱོད་པའི་ ཉེས་འཛུགས་འབད་ཡོདཔ་ད་ མ་དངུལ་དེ་ལས་ བདེ་སྲུང་ཤོ་ཐེངས་༢༢ པའི་ནང་ དངུལ་ཀྲམ་༩༨༩,༡༦༢ ཀྱི་དོན་ལུ་ ཟད་འགྲོ་སྦེ་བཏང་མི་ཨིན་པས།
རྩོད་རྩ་དང་ རྩོད་ཟླ་གཉིས་ཆ་ར་གིས་ སྒྲུབ་བྱེད་ཚུ་ བྱིན་ཡོད་རུང་ ཁྲིམས་འདུན་གྱིས་ ཧེ་མ་ལས་ བྱིན་ཡོད་མི་ཚུ་མ་གཏོགས་ སྒྲུབ་བྱེད་གསརཔ་ མི་ལེན་ཟེར་སླབ་ཡོདཔ་ད་ ལིང་དཔོན་ཨོ་རྒྱན་དངོས་གྲུབ་ཀྱིས་ བདེ་སྲུང་ཤོ་ཐེངས་ཚུའི་བར་ན་ དབྱེ་བ་དཔྱད་བལྟ་བ་ཅིན་ ཉེས་འཛུགས་མ་འབད་མི་སྡེ་ཚན་ཚུ་གིས་ ཁོ་རའི་སྡེ་ཚན་དང་ཕྱདཔ་ད་ མ་དངུལ་ལེ་ཤ་གིས་ མཐོ་ཟེར་ཞུ་ཡི།
ལྷན་འཛིན་རྒྱ་མཚོ་གིས་ ཉོགས་བཤད་ལྷོད་པའི་ཤུལ་ལས་ མ་དངུལ་དང་ གནས་སྡུད་ཚུ་ ཟླཝ་༥ ལྷགཔ་ཅིག་གི་རིང་ ཞིབ་དཔྱད་འབད་བའི་སྐབས་ སྦྱོང་བརྡར་འབད་མི་ བདེ་སྲུངཔ་རེ་གིས་ ཉིནམ་གཅིག་ནང་ ཆུམ་དང་ ཤ་ཀེ་ཇི་༢ དང་༣ གྱི་བར་ན་ ཟ་ཡོད་པའི་རྩིས་ཁྲ་ ཐོན་པའི་ཤུལ་ལས་ ལྷན་ཚོགས་ཀྱིས་ ཞིབ་དཔྱད་མཐིལ་ཕྱིན་འབད་ནི་ འགོ་བཙུགས་ཡི་ཟེར་ཞུ་ཡི།
ལྷན་འཛིན་རྒྱ་མཚོ་གིས་ ཏི་རུ་བདེ་སྒྲིག་འབད་མི་ཚུ་ ལོག་སྤྱོད་འབད་བའི་གྲངས་སུ་ མི་ཚུད་ཟེར་ཞུ་མི་དེ་ དངུལ་འབྲེལ་ལམ་ལུགས་དང་ མི་འཁྲིལ་ཟེར་ཞུ་ཡོདཔ་ད་ ཁོ་གིས་ རྩིས་ཞིབ་དབང་འཛིན་ནང་ ལོ་ངོ་༢༠ གི་རིང་ ལཱ་འབད་བའི་ ཉམས་མྱོང་དང་འཁྲིལཝ་ད་ དེ་བཟུམ་མའི་ རྩིས་སྒྲིག་འབད་མི་དེ་ ཚུལ་མིན་ཨིན་ཟེར་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *